མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་འདོམས་ཟུང་སྦྲེལ། ཞབས་ཞུ་བཟང་སྒྱུར་བཅས་སྒྱུར་བཅོས་བྱས་ཏེ་དཀྱུས་སུ་འཕེལ་རྒྱས་ཟབ་མོ་འགྲོ་བར་བྱེད་རྒྱུ། དམངས་བཀུར་གྱི་བསམ་པ་འཆང་བ་དང་། ལས་ཁུངས་ཁུ་བསྡུའི་གནས་ལུགས་ལ་བརྟེན་ནས། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། ཕན་ནུས་ཆེ་རུ་ཏན་ཏིག་གཏོང་རྒྱུ། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་དག་མུ་མཐུད་ཇེ་ཉུང་དུ་ཆེས་ཆེར་གཏོང་བ་དང་། དབང་ཆ་གཤམ་སྤྲོད་དུས་མཉམ་མིན་པ་དང་། མཐུན་སྦྱོར་མིན་པ། གནད་འཁེལ་མིན་པ་བཅས་ཀྱི་གནད་དོན་ཐག་གཅོད་པར་དོ་སྣང་བྱས་ཏེ། ཞིབ་མཆན་འགོད་པའི་དོན་དག་གཤམ་དུ་སྤྲོད་རིགས། ས་གནས་ཀྱིས་ལེན་ཐུབ་པ་དང་། བདག་སྐྱོང་ཐུབ་པར་བྱེད་དུ་འཇུག་རྒྱུ། ཚོང་དོན་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་། དཔང་ཡིག་དང་ལག་ཁྱེར་ལོགས་སུ་འབྱེད་པའི་ཚོད་ལྟ་བྱེད་རྒྱུ། ས་གནས་སྲིད་གཞུང་གི་དབང་ཆ་དང་འགན་འཁྲིའི་ཞིབ་ཐོ་ཕྱོགས་ཡོངས་ནས་ཡོངས་བསྒྲགས་དང་། ས་ཁུལ་ཁ་ཤས་སུ་ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ལག་ལེན་བསྟར་རྒྱུ། སྲིད་འཛིན་གྱི་བྱ་ལས་རང་བཞིན་གྱི་རིན་དངུལ་བསྡུ་ལེན་དང་། སྲིད་གཞུང་གིས་གོང་ཚད་བཟོ་བའམ་ཡང་ན་རིན་གོང་ལ་སློབ་སྟོན་བྱེད་པའི་གཉེར་སྐྱོང་རང་བཞིན་གྱི་རིན་དངུལ་བསྡུ་ལེན། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་བཅས་ལ་དཀར་ཆག་ཀྱི་ཞིབ་ཐོའི་དོ་དམ་བྱེད་རྒྱུ། གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་མགྱོགས་མྱུར་སྐྲུན་ཏེ་ས་གནས་ཀྱི་སྲུང་སྐྱོང་མེད་པ་བཟོ་རྒྱུ། རིན་གོང་སྒྱུར་བཅོས་ཟབ་སྤེལ་དང་། རིན་གོང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འཕེལ་རྒྱས་ལ་གནོད་པའི་སྲིད་འཛིན་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བཅོས་དང་མེད་པར་བཟོ་རྒྱུ། ལས་དོན་སྒྲུབ་བཞིན་པ་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་དང་། “སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག་”གི་ལྟ་སྐུལ་དོ་དམ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་ཏེ། རྟོག་ཞིབ་བྱེད་ཡུལ་སྐབས་བསྟུན་གྱིས་འཐེན་པ་དང་། ཁྲིམས་བསྟར་རྟོག་ཞིབ་མི་སྣ་སྐབས་བསྟུན་གྱིས་བདམས་མངག རྟོག་ཞིབ་བྱས་འབྲས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་རྒྱུ། སྲིད་འཛིན་ཁྲིམས་བསྟར་སྒྱུར་བཅོས་ཕྱོགས་བསྡུས་ཀྱིས་ཁྱབ་སྤེལ་དང་། ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་གཅིག་བསྡུས་ཀྱིས་གཅིག་གྱུར། ཁྲིམས་མཐུན་ལྟར་ཡོངས་བསྒྲགས། མཉམ་དུ་ཆད་གཅོད་བསླབ་འདོམས། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ལག་ལེན་བསྟར་རྒྱུ། “དྲ་སྦྲེལ་+སྲིད་དོན་ཞབས་ཞུ”ཁྱབ་སྤེལ་ཤུགས་ཆེན་དང་། སྡེ་ཚན་གྱི་བར་ལ་གཞི་གྲངས་མཉམ་སྤྱོད་ཐུབ་པར་བྱས་ཏེ། གྲོང་མི་དང་ཁེ་ལས་ལ་རྙོག་ཟིང་ཇེ་ཆུང་དང་། དོན་གཅོད་བདེ་བ། འགལ་རྐྱེན་མི་བཟོ་བ་བཅས་བྱེད་རྒྱུ། རྙོག་ཟིང་མི་བཟོ་བ་དང་། ཁྲིམས་འགལ་ལྟ་ཞིབ་མི་བྱེད་པར། མི་དམངས་མང་ཚོགས་ལ་འདྲ་མཉམ་སྔར་ལས་ཆེ་བའི་གོ་སྐབས་དང་གསར་གཏོད་བྱ་གཞི་སྔར་ལས་ཆེན་པོ་ཡོང་བར་བྱེད་རྒྱུ།
          སྤྱི་ཚོགས་ཡོངས་ཀྱི་ལས་སྐྲུན་དང་གསར་གཏོད་ཀྱི་གཏིང་ཤུགས་འདོན་གང་ཐུབ་བྱེད་རྒྱུ། སྒུལ་ཤུགས་གསར་གཏོད་ཀྱིས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གང་ཐུབ་དང་། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བ། དངོས་གཞིའི་དཔལ་འབྱོར་གྱི་སྤྱིའི་བྱང་ཚད་དང་འགྲན་ནུས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། གཅིག་ནས་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ཇེ་ཆེར་གཏོང་རྒྱུ། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་བསྡོམས་ནས་འཐེན་པ་དོན་འཁྱོལ་དང་། ལག་རྩལ་མཐོ་གསར་གྱི་ཁེ་ལས་དང་། ཚན་རྩལ་ཁེ་ལས་འཕེལ་བྱེད་སོགས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་རིགས་སྣེ་འདྲེན་ཁེ་ལས་ཀྱིས་ཆུ་ཚད་མཐོ་བའི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ། རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་ཚོད་ལྟའི་སྲིད་ཇུས་རྒྱལ་ཡོངས་སུ་ཁྱབ་སྤེལ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་དང་། མཐོ་གསར་ལག་རྩལ་ཁུལ་ཁག་ཅིག་བསྐྱར་དུ་བཙུགས་ཏེ་ཕྱོགས་ཡོངས་ནས་གསར་གཏོད་དང་སྒྱུར་བཅོས་ཚོད་ལྟ་ཁུལ་འཛུགས་སྐྱོང་བྱེད་རྒྱུ། གཉིས་ནས་མི་མང་ལས་འབྱེད་དང་། དམངས་ཀྱི་གསར་གཏོད། “དྲ་སྦྲེལ་+”དམངས་ཀྱི་བློ་རིག་གཅིག་བསྡུས་བྱེད་པའི་ལྡབ་སྒྱུར་ཕན་ནུས་འདོན་སྤེལ་བྱེད་རྒྱུ། མང་འདུས་གསར་གཏོད་དང་། མང་འདུས་འགན་གཙང་། མང་འདུས་རོགས་སྐྱོར། མང་འདུས་གྲབས་གསོག་བཅས་བྱེད་གནས་གཏོད་རྒྱུ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་། མཐོ་སློབ། ཚན་ཞིབ་སྒྲིག་གཞི། མངོན་འགྱུར་པ་བཅས་ཕྱོགས་མང་མཐུན་སྦྱོར་གྱི་ལས་སྒོ་གསར་སྤེལ་དང་གསར་གཏོད་ལམ་སྲོལ་དཔེ་གསར་འཛུགས་རྒྱུ། “གསར་གཏོད་གཉིས”ཀྱི་དཔེ་སྟོན་རྟེན་གཞི་ཁག་ཅིག་བསྐྲུན་རྒྱུ། ལས་སྒོ་གསར་སྤེལ་གྱི་ཞབས་ཞུའི་ལས་རིགས་སྐྱེད་སྲིང་དང་། ཕོ་ཉ་དང་། ལས་སྒོ་གསར་སྤེལ། ཐོན་ལས་བཅས་ལ་མ་དངུལ་འཇོག་རིགས་འཕེལ་རྒྱས་གཏོང་རྒྱུ། མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་དང་། ཐོན་ཁུངས་བཀོལ་སྤྱོད་བྱེད་ཚད་ཆེ་རུ་བཏང་སྟེ་མི་སྔར་ལས་མང་པོ་ཞུགས་སུ་འཇུག་པ་དང་ཕྱུག་པོར་འགྱུར་ཏུ་འཇུག་རྒྱུ། དགེ་མཚན་སྔར་ལས་ཆེ་བ་དང་། སྒོ་རྒྱ་ཆེར་འབྱེད། ཕན་གོ་ཇེ་ཆོད་བཅས་ཀྱི་ཤེས་ལྡན་མི་སྣ་འདྲེན་པའི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཤེས་བྱའི་ཐོན་དངོས་བདག་དབང་ལ་བཙན་གནོད་དང་རྫུན་བཟོ་རྫུན་འཚོང་གི་བྱ་སྤྱོད་ལ་ཁྲིམས་མཐུན་ལྟར་རྡུང་རྡེག་ནན་པོར་གཏོང་རྒྱུ། གསུམ་ནས་ཚན་རྩལ་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། སློབ་ཆེན་དང་ཚན་རྩལ་ཞིབ་འཇུག་ཁང་གི་རང་བདག་དབང་ཆ་ཆེ་རུ་བཏང་སྟེ། ཚན་ཞིབ་དོ་དམ་ཁྲོད་ཀྱི་དོན་མེད་རྙོག་བཟོའི་རིགས་མེད་པར་བཟོ་བ་དང་། ཚན་རྩལ་གྱི་གྲུབ་འབྲས་སྤོ་སྒྱུར་དང་དངོས་སྒྱུར་གྱི་སྲིད་ཇུས་དང་བྱེད་ཐབས་སྤྱོད་པར་རོགས་སྐྱོར། རྐང་དབང་དུས་དབང་གི་དཔྱ་ཁྲལ་གཟིགས་སྐྱོང་གི་སྲིད་ཇུས་དང་ཐོབ་ཆ་བགོ་བ་དང་བྱ་དགའ་སྤྲོད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཚན་ཞིབ་མི་སྣས་ལས་སྒོ་གསར་སྤེལ་དང་གསར་གཏོད་བྱེད་པར་བསྔགས་སྐུལ་བྱེད་རྒྱུ། གསར་གཏོད་ཀྱི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གསར་གཏོད་བྱ་གཞི་བཟང་དུ་གཏོང་བ། སྔོན་དུ་བྱེད་ཕོད་པ་དང་། ཕམ་ཉེས་ལ་བསམ་ཤེས་ཐུབ་པའི་རྣམ་པ་བཟང་པོ་གཏོད་དེ། ཁེ་ལས་པའི་བློ་སྟོབས་སྐྱེད་གང་ཐུབ་དང་། སྤྱི་ཚོགས་ཡོངས་ཀྱི་ལས་སྒོ་གསར་གཏོད་ཀྱི་ཧུར་སེམས་འདོན་སྤེལ་བྱས་ནས། འཕེལ་རྒྱས་ལ་སྐུལ་མ་ཐེབས་བྱེད་ཀྱི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་སུ་འགྲིལ་བར་བྱེད་རྒྱུ།
          ཐོན་ནུས་ལྷག་ཐལ་ཆེ་བ་སེལ་གང་ཐུབ་དང་མ་གནས་བཅག་ནས་ཕན་འབྲས་ཆེ་རུ་འགྲོ་བར་བྱེད་རྒྱུ། ངར་ལྕགས་དང་། རྡོ་སོལ་སོགས་དཀའ་ངལ་ཡོད་པའི་ལས་རིགས་ཀྱི་ཐོན་ནུས་གཅོག་པ་གཙོ་གནད་དུ་དམ་འཛིན་ཡག་པོར་བྱེད་རྒྱུ། ཚོང་རས་ལྡོག་འདེད་དང་། ཁེ་ལས་ཀྱིས་བྱེད་པོ། ས་གནས་ཀྱིས་སྒྲིག་འཛུགས། ཀྲུང་དབྱང་གིས་རོགས་སྐྱོར་བཅས་མཐའ་འཁྱོངས་དང་། དཔལ་འབྱོར་དང་། བཅའ་ཁྲིམས། ལག་རྩལ། ཁོར་ཡུག སྤུས་ཀ བདེ་འཇགས་སོགས་པའི་ཐབས་ལ་བརྟེན་ནས། ཐོན་ནུས་བསྐྱར་འཕར་ལ་ཚོད་འཛིན་ནན་པོར་བྱེད་པ་དང་། ཐོན་ནུས་རྗེས་ལུས་ཐེབས་རིགས་མཐའ་གཅིག་ཏུ་དོར་བ། ཐོན་ནུས་ལྷག་ཐལ་ཆེ་རིགས་གོ་རིམ་ལྡན་པར་དོར་རྒྱུ། ཟླ་སྒྲིལ་བསྐྱར་སྒྲིག་དང་། བུན་ལོན་བསྐྱར་སྒྲིག་གམ་ཡང་ན་མ་རྩ་སྟོངས་པའི་གཙང་རྩིས་རྒྱག་པ་སོགས་པའི་ཐབས་ལ་བརྟེན་ནས། “བེམ་རོ་ལྟ་བུའི་ཁེ་ལས”ཐག་གཅོད་དགེ་མཚན་ལྡན་ཞིང་བརྟན་པོར་བྱེད་རྒྱུ། ནོར་སྲིད་དང་། དངུལ་རྩ་སོགས་པའི་རོགས་སྐྱོར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1000བཀོད་སྒྲིག་བྱས་ཏེ། ལས་བཟོ་པ་ཁག་བགོས་བགོ་སྒྲིག་ལ་གཙོ་གནད་དུ་སྤྱོད་རྒྱུ། ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་དེ། ཁེ་ལས་ལ་ཉོ་འཚོང་དང་། དངོས་ཟོག་འགྲེམས་སྐྱེལ། རྒྱུ་ནོར། ནུས་ཁུངས་བཀོལ་སྤྱོད་སོགས་པའི་མ་གནས་གཅོག་རོགས་བྱས་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་དངུལ་གང་བྱུང་དུ་བསྡུ་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་རྒྱུ།
          ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་ལེགས་བཅོས་གང་ཐུབ་བྱེད་རྒྱུ། ཕྱོགས་གསུམ་དམིགས་སུ་བཀར་ནས་དམ་འཛིན་བྱེད་རྒྱུ་སྟེ། གཅིག་ནས་འཛད་རྫས་ཀྱི་རྒྱུ་སྤུས་ལེགས་སུ་གཏོང་རྒྱུ། སྤུས་ཀ་དང་བདེ་འཇགས་ཀྱི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞི་གཉིས་འབྲེལ་མཐུད་མགྱོགས་སུ་བཏང་སྟེ། ཚོང་ཟོག་གི་སྤུས་ཀར་ཉེས་ཆད་རང་བཞིན་གྱི་གུན་གསབ་ལམ་ལུགས་འཛུགས་རྒྱུ། ཁེ་ལས་ཀྱི་རང་གཤིས་ཅན་གྱི་གཏན་འཁེལ་སྒྲིག་སྲོལ་དང་། མཉེན་གཤིས་ཅན་གྱི་ཐོན་སྐྱེད་ལ་བསྔགས་སྐུལ་བྱས་ཏེ། ཡག་ཐོག་ཡག་བརྩེགས་ཀྱི་བཟོ་པའི་བློ་སྟོབས་སྐྱེད་སྲིང་བྱེད་པ་དང་། སྣ་རིགས་མང་དུ་གཏོང་བ། སྤུས་ཀ་ལེགས་སུ་གཏོང་བ། ཐོན་རྫས་གྲགས་ཅན་གཏོད་པ་བཅས་བྱེད་རྒྱུ། གཉིས་ནས་བཟོ་སྐྲུན་ལས་རིགས་ཀྱི་རིམ་པ་འཕར་བར་བྱེད་རྒྱུ། “ཀྲུང་གོས་བཟོས་པ་+དྲ་སྦྲེལ”ལ་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། རྒྱལ་ཁབ་རིམ་པའི་བཟོ་སྐྲུན་ལས་རིགས་གསར་གཏོད་བྱེད་གནས་འགའ་ཞིག་བསྐྲུན་རྒྱུ་དང་། རིག་ནུས་བཟོ་སྐྲུན་གྱི་དཔེ་སྟོན་རྣམ་གྲངས་ཁག་ཅིག་དོན་འཁྱོལ་བྱས་ཏེ། བཟོ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ལྗང་མདོག་བཟོ་སྐྲུན། གནས་རིམ་མཐོ་བའི་སྒྲིག་ཆས་སོགས་པའི་ལས་གཞི་གལ་ཆེན་ཁག་ཅིག་ལས་འགོ་བརྩམ་རྒྱུ། ལག་རྩལ་གལ་ཆེན་བསྒྱུར་བཀོད་རིམ་སྤོར་གྱི་ལས་གཞི་སྒྲིག་འཛུགས་བྱེད་རྒྱུ། གསུམ་ནས་དེང་རབས་ཀྱི་ཞབས་ཞུའི་ལས་སྒོ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཚོད་ལྟ་བྱེད་ཐེངས་གསར་པ་འགོ་འཛུགས་རྒྱུ་དང་། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་གསར་གཏོད་ཀྱི་ལས་གཞི་དོན་འཁྱོལ་བྱེད་རྒྱུ། གྲངས་འཛིན་བསམ་བཀོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཚོང་རར་བཅུག་འཐུས་ལྷུག་ཏུ་གཏོང་བ། ཐོན་ལས་རང་བཞིན་གྱི་ཞབས་ཞུའི་ལས་སྒོ་ཆེད་ལས་ཅན་དུ་འགྱུར་ཚད་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་སྒོ་ཞིབ་ཚགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ། འོད་སྐུད་དྲ་སྦྲེལ་གྱི་གྲོང་ཁྱེར་ཁག་ཅིག་འཛུགས་སྐྲུན་དང་། སྲིད་འཛིན་གྲོང་ཚོ་ཁྲི་5རུ་འོད་སྐུད་ཤར་བགྲོད་ཁྱབ་སྤེལ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྔར་ལས་མང་པོ་གྲངས་འཛིན་ཅན་གྱི་འཚོ་བར་རོལ་ཏུ་འཇུག་རྒྱུ།
        རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྒྱུར་བཅོས་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་རྒྱུ། ད་ལོ་དང་སང་ལོ་གཉིས་ཀྱི་རིང་ལ། སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ཡོང་བར་བྱེད་པ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་སྤུས་ཀ་དང་ལས་ཕྱོད་འགག་སྒྲོལ་གྱི་ལས་ཀ་མཐའ་གཅིག་ཏུ་ཡག་པོར་བསྒྲུབ་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་། ལྷག་པར་དུ་ཀྲུང་དབྱང་གི་ཁེ་ལས་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་མ་བཏང་སྟེ་ཁག་ཅིག་གསར་གཏོད་འཕེལ་རྒྱས་དང་། ཁག་ཅིག་བསྐྱར་སྒྲིག་ཟླ་སྒྲིལ། ཁག་གཅིག་ཕྱིར་འཐེན་གཙང་བཤེར་བཅས་བྱེད་རྒྱུ། རྐང་དབང་སྣ་མང་དུ་འགྱུར་བའི་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་བ་དང་། ཁེ་ལས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་འགན་དབང་དོན་འཁྱོལ་དང་། ཚོང་ར་ཅན་གྱི་གཉེར་སྐྱོང་པ་གདམ་གསེས་གདན་ཞུ། ལས་རིགས་གཉེར་སྐྱོང་པའི་ལམ་ལུགས། དབང་བའི་ལམ་ལུགས་མཉམ་འདྲེས། ལས་མིས་མ་རྐང་འཛིན་པ་སོགས་པའི་ཚོད་ལྟ་བྱེད་རྒྱུ། ཁེ་ལས་ཀྱི་མི་སྣ་བཀོལ་བའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་། ཚོང་ལས་ཅན་དུ་འགྱུར་བའི་འདེམས་གཏོང་བྱེད་སྟངས་དང་འཚམ་པའི་རིམ་མཐོའི་ཤེས་ལྡན་པ་དང་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་པའི་གླ་ཕོགས་ལམ་ལུགས་འཚོལ་ཞིབ་ཀྱིས་འཛུགས་རྒྱུ། རྒྱལ་ཁབ་ལ་དབང་བའི་མ་རྩ་མ་འཇོག་དང་། གཉེར་སྐྱོང་ཀུང་སི་ལེགས་སྒྲིག་ལེགས་འཛུགས་གང་མགྱོགས་བྱེད་རྒྱུ། མ་རྩ་བདག་སྐྱོང་གཙོ་བོར་བྱས་ཏེ་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་གཞིའི་འགན་ནུས་བསྒྱུར་བར་སྐུལ་སྤེལ་བཏང་ནས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་མི་ཤོར་བ་དང་། གནས་ཐང་སྲུང་འཕར་ཡོང་བར་བྱེད་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྒྱུར་བཅོས་བྱེད་པའི་རང་བདག་དབང་ཆ་ས་གནས་ལ་སྔར་ལས་ཆེན་པོ་སྤྲོད་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་ལས་དོན་སྒྲུབ་པའི་འགན་ནུས་གང་མྱུར་ལོགས་སུ་འབྱེད་རྒྱུ། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་བཅད་དེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཁུ་འདུས་སྐྱོན་བྲལ་དུ་འགྱུར་བ་དང་། སྲོག་ཤིང་གི་འགྲན་ནུས་ཆེ་རུ་གཏོང་རྒྱུ།
         སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གསོན་ཤུགས་སྔར་ལས་ལྷག་པར་འཕེལ་བར་བྱེད་རྒྱུ། གློག་ཤུགས་དང་། གློག་འཕྲིན། འགྲིམ་འགྲུལ། རྡོ་སྣུམ། རང་བྱུང་སོལ་རླངས། གྲོང་ཁྱེར་དོ་དམ་ལས་དོན་གྱི་སྤྱི་སྤྱོད་སོགས་པའི་ཁྱབ་ཁོངས་ཀྱི་ཚོང་རར་བཅུག་འཐུས་ཇེ་ཆེར་གློད་རྒྱུ་དང་། མངོན་མེད་ཀྱི་བཀག་རྒྱ་སྣ་ཚོགས་སེལ་བ། དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་འཇོག་ཁྱོན་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྒྱུར་བཅོས་བྱེད་པར་ཞུགས་པར་བསྔགས་སྐུལ་བྱེད་རྒྱུ། རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་། མ་དངུལ་མཉམ་འདྲེས་ཀྱི་ཞབས་ཞུ། རྒྱུ་ནོར་གྱི་དཔྱ་ཁྲལ་སྲིད་ཇུས། ས་ཞིང་བཀོལ་སྤྱོད་སོགས་པའི་ཐད་ཉེ་རིང་མེད་པར་བྱེད་རྒྱུ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་དབང་ཆ་ཁྲིམས་མཐུན་ལྟར་འདྲ་མཉམ་ཐོག་ནས་སྲུང་སྐྱོང་བྱས་ཏེ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ཞིབ་རྩད་ནན་པོར་བཅད་དེ། ཁྲིམས་སྐྱོང་གི་ཁོར་ཡུག་འདྲ་མཉམ་དང་། གཞུང་དྲང་། ཁ་གསལ། བརྟན་གནས་བཅས་བསྐྲུན་ནས། སྲིད་ཚོང་འབྲེལ་བ་གསར་པ་བཙུགས་ཏེ་ཁེ་ལས་རིགས་ཁག་རང་རང་གི་བཟང་ཆ་འདོན་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་རྒྱུ།
          (གསུམ།) རྒྱལ་ནང་གི་དགོས་མཁོ་ཇེ་ཆེར་གཏོང་བ་དང་། འཕེལ་རྒྱས་གཏོང་ཁྱོན་སྔར་ལས་ཆེ་རུ་གཏོང་རྒྱུ། དགོས་མཁོའི་བསྡོམས་འབོར་ཆེ་རུ་འཚམ་པོར་བཏང་སྟེ། སྒྱུར་བཅོས་ཀྱི་དགོས་མཁོའི་གྲུབ་ཚུལ་ལེགས་སྒྲིག་ཧུར་ཐག་བྱེད་རྒྱུ་དང་། སྤྲོད་མཁོའི་བར་གྱི་དགོས་མཁོ་འབྲེལ་མཐུད་ཕན་འབྲས་ཐོན་པ་དང་། མ་དངུལ་འཇོག་པ་དང་འཛད་སྤྱོད་ཟུང་འབྲེལ་དམ་ཚགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་བརྟན་པོ་དང་རྒྱུན་རིང་ཡོང་བའི་ནང་མཁོའི་འདེགས་སྐྱོར་ཆགས་པར་བྱེད་རྒྱུ།
          འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་བར་བྱེད་པའི་རྨང་གཞིའི་ནུས་པ་ཆེ་རུ་གཏོང་རྒྱུ། འཛད་སྤྱོད་ཀྱི་རིམ་པ་འཕར་ཚུལ་དང་། སྲིད་ཇུས་ཀྱི་འགོག་རྐྱེན་སེལ་བ། འཛད་སྤྱོད་ཀྱི་ཁོར་ཡུག་བཟང་འགྱུར། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅས་དང་འཚམ་པར་བྱེད་རྒྱུ། རྒན་གསོ་དང་། བདེ་ཐང་། ཁྱིམ་སྐྱོང་། སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར། རིག་གནས་ལུས་རྩལ་སོགས་པའི་ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་གཏོང་རོགས་བྱེད་རྒྱུ། དྲ་སྦྲེལ་ཆ་འཕྲིན་དང་། རིག་ལྡན་ཁྱིམ་ཆས། དར་སོ་ཆེ་ཞིང་ཁྱད་ཆོས་ལྡན་པ་སོགས་པའི་གསར་དར་འཛད་སྤྱོད་ཆེ་རུ་གཏོང་རྒྱུ། དྲ་སྦྲེལ་དྲ་མིན་མཉམ་སྒུལ་ལ་སྐུལ་སྤེལ་དང་། དངོས་གཞིའི་ཚོང་ལས་གསར་གཏོད་རིགས་བསྒྱུར་ལ་སྐུལ་སྤེལ་གཏོང་རྒྱུ། དངོས་ཟོག་མངག་སྐྱེལ་དྲ་སྦྲེལ་འཐུས་ཚང་དང་། མྱུར་སྐྱེལ་ལས་རིགས་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། ལག་བརྒྱུད་རླངས་འཁོར་ཚོང་ར་འཁྲུག་ཏུ་གཏོང་རྒྱུ་དང་། གྲོང་ཁྱེར་གྱི་རླངས་འཁོར་འཇོག་གནས་དང་ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་གསོག་སྒྲིག་ཆས་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། རྒྱལ་ཡོངས་སུ་འཛད་སྤྱོད་དངུལ་རྩའི་ཀུང་སི་ཚོད་ལྟ་བྱེད་རྒྱུ་དང་། དངུལ་རྩའི་སྒྲིག་གཞིས་འཛད་སྤྱོད་ཀྱི་ཡིད་རྟོན་ཐོན་རྫས་གསར་དུ་གཏོད་པར་བསྔགས་སྐུལ་བྱེད་རྒྱུ། འཛད་རྫས་ཁག་ཅིག་གི་ནང་འདྲེན་སྒོ་ཁྲལ་གཅོག་རྒྱུ་དང་། དཔྱ་ཁྲལ་མི་དགོས་པའི་ཚོང་ཁང་ཇེ་མང་དུ་གཏོང་རྒྱུ། ཕོགས་ལྡན་འཁོར་ཞག་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ་དང་། ཡུལ་སྐོར་འགྲིམ་འགྲུལ་དང་། མཛེས་ལྗོངས་དང་གནས་ལྗོངས། སྒེར་འཁོར་གྱི་སྒར་ས་སོགས་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་ཚོང་རའི་སྒྲིག་ལམ་ཚད་ལྡན་བཟོས་ཏེ། དར་རྒྱས་འབྱུང་བཞིན་པའི་མང་ཚོགས་ཀྱི་ཡུལ་སྐོར་དུས་རབས་ཀྱི་སྔུན་བསུ་རྒྱུ།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】