མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         བརྟན་པོར་འཕར་བ་དང་གྲུབ་ཚུལ་ལེགས་སྒྲིག་ཡོང་བར་མ་དངུལ་ཕན་འབྲས་ཐོན་པར་འཇོག་པའི་འགག་རྩའི་ནུས་པ་འདོན་རྒྱུ། རང་རྒྱལ་གྱི་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ཁྱབ་ཁོངས་སུ་མི་འདང་བའི་ས་མང་པོ་ཡོད་པ་དང་། ཐོན་ལས་བསྒྱུར་བཀོད་དང་རིམ་པ་སྤོར་དགོས་པས། མ་དངུལ་ཕན་འབྲས་ཐོན་པར་འཇོག་པར་བར་སྟོང་སྔར་བཞིན་ཆེན་པོ་ཡོད། ད་ལོར“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྣམ་གྲངས་གལ་ཆེན་ཁག་ཅིག་འགོ་བརྩམ་རྒྱུ་རེད། ལྕགས་ལམ་ལ་མ་དངུལ་སྒོར་དུང་ཕྱུར་8000ཡན་དང་། གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1.65འཇོག་ཐུབ་པར་བྱེད་རྒྱུ་དང་། ཆུ་བེད་ཀྱི་ལས་གཞི་གལ་ཆེན་ཁག་20ལས་འགོ་མུ་མཐུད་འཛུགས་རྒྱུ། ཆུ་གློག་དང་ཉིང་རྡུལ་གློག་ཁང་དང་། གནོན་མཐོའི་གློག་འདྲེན། རིག་ལྡན་གློག་དྲ། རླངས་སྣུམ་འདྲེན་དྲ། གྲོང་ཁྱེར་དབར་གྱི་འཁོར་ལམ་འགྲིམ་འགྲུལ་སོགས་པའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་རྒྱུ། ཀྲུང་དབྱང་གི་སྔོན་རྩིས་ཁོངས་ཀྱི་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་5000བར་མང་དུ་གཏོང་རྒྱུ་དང་། མ་དངུལ་འཇོག་པ་དང་མ་དངུལ་མཉམ་འདྲེས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། ཚོང་ར་ཅན་དུ་འགྱུར་བའི་བྱེད་སྟངས་ལ་བརྟེན་ནས་ཆེད་དོན་འཛུགས་སྐྲུན་ཐེབས་རྩ་མུ་མཐུད་གྲབས་གསོག་བྱས་ཏེ། ས་གནས་ཀྱི་མ་དངུལ་མཉམ་འདྲེས་བྱེད་གནས་རིགས་སྒྱུར་ལུགས་སྒྱུར་བྱས་ཏེ་ཚོང་ར་ཅན་གྱི་མ་དངུལ་མཉམ་འདྲེས་སུ་སྐུལ་སྤེལ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་སོགས་པའི་རྒྱུ་ནོར་བུན་འཛིན་ཅན་དུ་འགྱུར་བའི་འཚོལ་ཞིབ་དང་། བུན་འཛིན་གྱི་མ་དངུལ་མཉམ་འདྲེས་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིད་སྟོན་ཐེབས་རྩ་དུང་ཕྱུར་1800བཀོལ་སྤྱོད་ཡག་པོར་བྱེད་རྒྱུ། ཁྲིམས་མཐུན་ལྟར་གན་རྒྱ་ལག་བསྟར་ནན་པོར་བྱེད་པ། སྤྱི་ཚོགས་ཀྱི་མ་རྩ་ཞུགས་པའི་སྤྲོ་སེམས་འཕེལ་གང་ཐུབ་བཅས་བྱེད་རྒྱུ།
         གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དུ་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་ནི་དེང་རབས་ཅན་གྱི་བགྲོད་ལམ་ཉག་ཅིག་ཡིན་པ་དང་། རང་རྒྱལ་གྱི་ནང་མཁོའི་གཏིང་ཤུགས་འཕེལ་རྒྱས་ཀྱི་སྒུལ་ནུས་གནས་ཡུལ་ཡིན། ད་ལོར་ལས་དོན་ཁག་གསུམ་གཙོ་གནད་དུ་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་གྲོང་གསེབ་ཀྱི་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྡོད་ཀྱི་ཆ་རྐྱེན་ལྷུག་ཏུ་གཏོང་བ། “མི་ས་དངུལ་གསུམ”ཟུང་སྦྲེལ་གྱི་སྲིད་ཇུས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ཕྱོགས་བསྡུས་ཀྱིས་ཚོད་ལྟ་བྱེད་ཁྱོན་བསྐྱེད་རྒྱུ། གནས་སྡོད་ཀྱི་ལག་ཁྱེར་ནི་གོ་ཆོད་ཚད་ཆེན་པོ་ལྡན་པས། གཞིས་ཆགས་མེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ལ་གང་མྱུར་ཁྱབ་པར་བྱས་ཏེ། ཁོང་ཚོར་གནས་སྡོད་ཁུལ་གྱི་འོས་འགན་སློབ་གསོ་དང་། ལས་ཞུགས། སྨན་བཅོས་སོགས་པའི་མ་མཐའི་སྤྱི་པའི་ཞབས་ཞུ་ཁྲིམས་མཐུན་ལྟར་སྤྱོད་སྐལ་འཐོབ་པར་བྱེད་རྒྱུ། དབུས་ནུབ་ས་ཁུལ་གྱི་གྲོང་ཁྱེར་ཆུང་འབྲིང་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་བཏང་ནས། ཞིང་པ་ལས་མི་སྔར་ལས་མང་པོ་ཉེ་སར་ལས་ཞུགས་དང་ལས་སྐྲུན་ཐུབ་པ་དང་། ཁོང་ཚོར་དངུལ་གསོག་ཁྱིམ་སྐྱོང་གཉིས་ཀ་མི་འཕྱུགས་པར་ཡོང་དུ་འཇུག་རྒྱུ།
གཉིས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སྐྲུན་པ་དང་ས་ཁང་ཐོན་ལས་ཀྱི་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་ནས་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། ད་ལོར་སྡོད་ཁང་ཐབ་ཆག་ཁུལ་གྱི་སྡོད་ཁང་ཆ་འགྲིག་ཁྲི་600ལེགས་བཅོས་བྱེད་རྒྱུ་དང་། ཁང་པ་ཐབ་ཆག་དངུལ་ལོར་ཅན་དུ་བསྒྱུར་བའི་བཀོད་སྒྲིག་གི་བསྡུར་ཚད་མཐོ་རུ་གཏོང་རྒྱུ། གྲོང་མིས་སྡོད་ཁང་ཚུལ་མཐུན་དུ་འཛད་སྤྱོད་བྱེད་པར་ཁྲལ་བསྡུ་དང་། ཡིད་རྟོན་རོགས་སྐྱོར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡོད་ཁང་གི་ལྡོག་མེད་དགོས་མཁོ་དང་ལེགས་བཅོས་རང་བཞིན་གྱི་དགོས་མཁོ་དང་འཚམ་པར་བྱེད་པ། གྲོང་བསྟུན་ཇུས་འདོན་གྱིས་ས་ཁང་བདག་ཁོངས་མཛོད་ཉར་བྱེད་རིགས་སེལ་བ་བཅས་བྱས་ཏེ་ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། བོགས་ལེན་དང་ཉོ་སྒྲུབ་མཉམ་སྤྱོད་ཀྱི་སྡོད་ཁང་ལམ་ལུགས་བཙུགས་ཏེ། ཕྱི་ནས་ཡོང་བའི་མི་འབོར་ཆ་རྐྱེན་འཛོམས་རིགས་གཞུང་གི་བོགས་གཏོང་ཁང་པ་མཁོ་སྤྲོད་བྱེད་ཁོངས་སུ་འཇུག་རྒྱུ། གསུམ་ནས་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་འཆར་འགོད་ཚན་རིག་དང་མཐུན་པ་དང་། དབང་གྲགས་དང་ལྡན་པ། ཡོངས་བསྒྲགས་ཆེ་བ་བཅས་སུ་འགྱུར་ཤུགས་ཆེ་རུ་བཏང་སྟེ། “ཇུས་མང་གཅིག་གྱུར”ཡོང་བར་བྱེད་རྒྱུ། གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུག་ལམ་སྤྱི་ལེ་2000ཡན་འཛུགས་སྐྲུན་ལས་འགོ་བརྩམ་རྒྱུ། བཟོ་སྐྲུན་དང་ཨར་ལས་རྒྱུ་ཆས་ལྗང་མདོག་ཁྱབ་སྤེལ་ཧུར་ཐག་དང་། ལྕགས་ཀྱིས་གྲུབ་པ་དང་ལྷུ་སྒྲིག་ཚུལ་གྱི་བཟོ་སྐྲུན་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། བཟོ་སྐྲུན་ལས་གྲྭའི་ཚད་གཞི་དང་སྤུས་ཀ་ལེགས་སུ་གཏོང་རྒྱུ། རིག་ལྡན་གྲོང་ཁྱེར་སྐྲུན་པ་དང་། སྤྱི་པའི་གཞུང་ལམ་དྲ་བ་འཐུས་ཚང་དུ་བཏང་བ་དང་འགྲིམ་འགྲུལ་འགག་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ཏེ་མི་སྡོད་སའི་ཁོར་ཡུག་ལེགས་བཅོས་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་བས་བློ་བདེ་བ་དང་། སེམས་ཁྲལ་མེད་པ། སྣང་བ་སྐྱིད་པོ་བཅས་ཡོང་བར་བྱེད་རྒྱུ།
         ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། ཅིང་ཅིན་ཅི་ཁུལ་གསུམ་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་དོན་འཁྱོལ་བྱེད་རྒྱུ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ། ནུབ་རྒྱུད་གསར་སྤེལ་ཆེན་མོའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གཏན་འབེབས་ལག་བསྟར་བྱེད་པ་དང་། བྱང་ཤར་ས་ཁུལ་སོགས་བཟོ་ལས་ཀྱི་རྟེན་གཞི་རྙིང་པ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་འཁོར་རིམ་གསར་པ་ལག་བསྟར་བྱེད་རྒྱུ། དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་བཅུའི་འཆར་འགོད་གསར་པ་འདོན་རྒྱུ། ཤར་རྒྱུད་ས་ཁུལ་གྱིས་སྒྲིག་སྲོལ་གསར་གཏོད་དང་། སྐམ་མཚོ་གཅིག་གྱུར་གྱིས་འཆར་འགོད་སོགས་པའི་ཐད་སྔོན་ལ་ཐོལ་བརྒལ་གྱི་རྒྱབ་སྐྱོར་བྱེད་རྒྱུ། ཐོན་ཁུངས་རང་བཞིན་གྱི་ས་ཁུལ་དཔལ་འབྱོར་རིགས་སྒྱུར་རིམ་པ་སྤོར་བར་སྐུལ་འདེད་གཏོང་རྒྱུ། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ། རྒྱལ་ཁབ་ཀྱི་རྒྱ་མཚོའི་འཐབ་ཇུས་འགོད་རྒྱུ་དང་། རྒྱལ་ཁབ་ཀྱི་རྒྱ་མཚོའི་དབང་ཆ་སྲུང་སྐྱོང་། རྒྱལ་ཁབ་ཀྱི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། མཚོ་ཐོག་དཔལ་འབྱོར་བར་སྟོང་རྒྱ་བསྐྱེད་གཏོང་བ་བཅས་བྱས་ཏེ་མཚོ་རྒྱུད་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ།
          (བཞི)དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཞིང་པའི་ཡོང་སྒོ་རྒྱུན་མཐུད་ཀྱིས་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ། “ཞིང་གསུམ”ལས་དོན་ལྷོད་གཡེང་སྤུ་ཙམ་མེད་པར་མུ་མཐུད་དམ་འཛིན་བྱེད་རྒྱུ་དང་། ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། གྲོང་གསེབ་སྒྱུར་བཅོས་ཟབ་སྤེལ་དང་། ཞིང་པ་ལས་ཞུགས་ཡོང་འཕར་ཐབས་ལམ་རྒྱ་བསྐྱེད་དེ། ཞིང་ལས་ཀྱི་སྤུས་ཀ་དང་། ཕན་ཁེ། འགྲན་ནུས་བཅས་ཆེ་རུ་གཏོང་གང་ཐུབ་བྱེད་རྒྱུ།
         ཞིང་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་མགྱོགས་སུ་གཏོང་རྒྱུ། འབྲུ་རིགས་བསྟུད་མར་ཐོན་འཕར་བྱུང་སྟེ། ཟོག་གོང་བརྟན་པོ་དང་། དམངས་འཚོ་ལེགས་བཅོས་ལ་འགན་ལེན་ནུས་ལྡན་བྱུང་ཡོད། འོན་ཀྱང་མཛོད་ཉར་ཕོན་ཆེ་རུ་ཕྱིན་པ་དང་། ཚོང་རའི་རིན་གོང་ཆག་པ་སོགས་ཀྱི་གནད་དོན་ཡང་འཕྲད་ཡོད། ཞིང་ལས་ཐོན་རྫས་རིང་གོང་གི་ལམ་སྲོལ་གྲུབ་རྒྱུ་འཐུས་ཚང་དུ་གཏོང་བར་ཞིང་པར་ཚོང་རའི་དགོས་མཁོར་དམིགས་ནས་འདེབས་གསོའི་གྲུབ་ཚུལ་ལེགས་སྒྲིག་གི་སྣེ་ཁྲིད་དེ། མ་རྨོས་ལོ་ཏོག་འདེབས་འཛུགས་བྱེད་ཁྱོན་སྙོམས་སྒྲིག་དང་འཚམ་པོར་གཅོག་རྒྱུ། “ཚོང་རས་གོང་ཐག་གཅོད་པ་དང་། རིན་གོང་དང་ཁ་གསབ་ལོགས་འབྱེད”ཀྱི་རྩ་དོན་ལ་གཞིགས་ནས། མ་རྨོས་ལོ་ཏོག་བསྡུ་གསོག་ལམ་ལུགས་བསྒྱུར་བཅོས་ཧུར་ཐག་དང་བརྟན་པོ་ཡོང་བར་བྱས་ཏེ། ཞིང་པའི་ལུགས་མཐུན་ཁེ་ཕན་འགན་སྲུང་བྱེད་རྒྱུ། ཐབས་མང་མཉམ་སྤྱོད་ཀྱིས་མཛོད་ཉར་འབྲུ་རིགས་འཚོང་ཐབས་བྱེད་རྒྱུ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། འབྲོག་ལས་གོང་འཕེལ་གཏོང་བ་དང་ཞིང་ལས་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་རྒྱུ། ཞིང་དོར་ནགས་གསོ་རྩྭ་འདེབས་ཀྱི་འཆར་གཞི་ཁག་གསར་པ་བཟོ་རྒྱུ་དང་། ད་ལོ་ཞིང་དོར་ནགས་གསོ་རྩྭ་འདེབས་མུའུ་ཁྲི་1500 བྱེད་རྒྱུ་ཡིན་ཞིང་། དོན་འདི་ནི་གཅིག་གོ་མང་ཆོད་ཡིན་པས། ངེས་པར་དམ་འཛིན་བྱེད་དགོས། རྣམ་པ་མང་བའི་ཞིང་ལས་གཉེར་སྐྱོང་བྱེད་ཁྱོན་འཚམ་པོ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ་དང་། ཁྱིམ་ཚང་གི་ཞིང་ར་དང་། ཆེད་ལས་དུད་ཆེན་དང་། ཞིང་ལས་མཉམ་ལས་ཁང་སོགས་གཉེར་སྐྱོང་གི་བྱེད་པོ་དཔེ་གསར་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། ལས་རིགས་གསར་པའི་ཞིང་པ་གསོ་སྐྱོང་བྱ་རྒྱུ། ཞིང་དུད་ཀྱིས་ཁྲིམས་མཐུན་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་ས་ཞིང་རྒྱུན་འཁོར་དང་། ས་ཞིང་གི་མ་རྐང་མཉམ་ལས་དང་། མཉམ་ལས་འབྲེལ་ལམ་ས་ཞིང་ཚབ་གཉེར་བཅས་ལ་བསྔགས་སྐུལ་བྱེད་རྒྱུ། གྲོང་གསེབ་ཐུན་མོང་གི་ཐོན་དབང་དང་། ས་ཞིང་གསར་སྦོལ། ཐུན་མོང་གི་ནགས་དབང་། རྒྱལ་ཁབ་ལ་དབང་བའི་ནགས་ར། ས་ཞིང་ཆུ་བེད། མཁོ་ཚོང་ཁང་སོགས་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】