མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

           ཞིང་ལས་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་དབྱེ་འབྱེད་གཏན་འབེབས་ཕྱོགས་ཡོངས་ནས་མཇུག་སྒྲིལ་དགོས་པ་མ་ཟད་དམིགས་བསལ་གྱིས་སྲུང་སྐྱོང་ཀྱང་བྱེད་རྒྱུ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། ས་ཞིང་བཟང་སྒྱུར་མུའུ་དུང་ཕྱུར་1.5འཕར་སྣོན་བྱེད་རྒྱུ་དང་། ཕན་ནུས་དང་ཆུ་གྲོན་ཆུང་གི་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་2000གསར་དུ་སྣོན་རྒྱུ། རྨོ་ཞིང་འདེབས་འཇོག་རེས་མོས་ལམ་ལུགས་ཀྱི་ཚོད་ལྟ་འཚོལ་ཞིབ་བྱེད་རྒྱུ། ཞིང་ལས་ཚན་རྩལ་གསར་གཏོད་དང་ཁྱབ་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་། འབྲུ་རིགས་ལྗང་མདོག་དང་འབབ་ཆེ་ནུས་ཆེ་བཅས་སུ་འཕེལ་རྒྱས་ཇེ་ཟབ་ཏུ་གཏོང་རྒྱུ་དང་། རྫས་ལུད་ཀྱི་ཞིང་སྨན་མི་འཕེལ་བར་བྱེད་རྒྱུ། ནོར་སྲིད་ཀྱིས་ཞིང་ལས་ལ་དངུལ་འཇོག་འགན་ལེན་བྱེད་རྒྱུ་དང་། རྒྱལ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་བུན་འགན་ལེན་མ་ལག་བཙུགས་ནས་ཞིང་ལས་ཀྱི་འགན་བཅོལ་ལམ་ལུགས་དང་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུ་འཐུས་ཚང་དུ་བཏང་ནས་མ་དངུལ་སྔར་ལས་མང་པོ་དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་ལ་གཏོང་བར་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་རྒྱུ།
          གྲོང་གསེབ་ཀྱི་སྤྱི་པའི་སྒྲིག་བཀོད་དང་ཞབས་ཞུ་ལེགས་བཅོས་བྱེད་རྒྱུ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་20གསར་སྐྲུན་དང་བསྐྱར་བཟོ་བྱེད་རྒྱུ་དང་། ཆ་རྐྱེན་ལྡན་པའི་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོས་སྲ་འགྱུར་གཞུང་ལམ་ཤར་གཏོང་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་མགྱོགས་སུ་གཏོང་རྒྱུ། གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་དང་རིམ་པ་སྤོར་རིམ་གསར་པ་དམ་འཛིན་བྱས་ཏེ། ལོ་གཉིས་ནང་གྲོང་གསེབ་དུ་གློག་འདོན་ཞབས་ཞུ་བརྟན་པོ་ཁུངས་འཕེར་དང་ཀླུང་ཁུལ་དུ་འཕྲུལ་ཁྲོན་ལ་གློག་གཏོང་ཡོངས་སུ་ཁྱབ་པར་བྱེད་རྒྱུ། འཐུང་ཆུའི་བདེ་འཇགས་སྲ་བརྟན་ཡར་རྒྱས་ཀྱི་ལས་གྲྭ་དོན་འཁྱོལ་བྱེད་རྒྱུ། གློག་རྡུལ་ཚོང་དོན་གྲོང་གསེབ་དུ་འབྱོར་བའི་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱས་ནས་གཞིས་ཆགས་པར་འཚམ་པའི་ཡིད་འོང་གྲོང་སྡེ་འཛུགས་སྐྲུན་བྱེད་རྒྱུ།
          དབུལ་བྲལ་འགག་སྒྲོལ་ལས་གྲྭ་ལག་བསྟར་བྱེད་རྒྱུ། ད་ལོར་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི་1000ཡན་དབུལ་བྲལ་གྱི་ལས་འགན་འགྲུབ་དགོས་པ་དེའི་ནང་མི་འབོར་ཁྲི་200ཡན་གཞན་ཡུལ་དུ་གནས་སྤོས་ནས་དབུལ་བྲལ་བྱེད་པ། དབུལ་ཕོངས་ཞིང་དུད་ཀྱི་ཉེན་ཅན་ཁང་པ་མུ་མཐུད་དེ་བསྒྱུར་བཀོད་ཐུབ་པར་བྱེད་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་དབུལ་སྐྱོར་མ་དངུལ་43.4%སྤོར་རྒྱུ་དང་། དབུལ་ཕོངས་རྫོང་ཏུ་ཞིང་འབྲེལ་མ་དངུལ་སྡེབ་སྒྲིག་གི་སྐུལ་འདེད་གཏོང་རྒྱུ། དབུལ་སྐྱོར་དང་དབུལ་བྲལ་གནད་འཁེལ་མཐའ་འཁྱོངས་བྱེད་རྒྱུ་དང་། མི་ས་གཉིས་དང་བསྟུན་ནས་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་། ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱས་ནས། ལམ་ཆུ་གློག་དྲ་བཞི་ཤར་བགྲོད་སོགས་ཀྱི་དཀའ་ངལ་སེལ་རོགས་ཡག་པོ་བྱེད་རྒྱུ་དང་། ཡུག་གཅིག་ཏུ་སྦྲེལ་བའི་དམིགས་བསལ་དབུལ་ཕོངས་ས་ཁུལ་དང་མི་འབོར་དབུལ་པོའི་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་དམངས་ཕན་ལས་གཞི་ཁག་དབུལ་ཕོངས་ས་ཁུལ་ལ་ཕྱོགས་ཆ་ལྡན་པར་བྱེད་རྒྱུ། གནས་ངེས་རོགས་སྐྱོར་དང་། ཤར་ནུབ་མཉམ་ལས་ཀྱིས་དབུལ་སྐྱོར་ཟབ་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་དབུལ་བྲལ་འགག་སྒྲོལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ། དབུལ་སྐྱོར་དབུལ་བྲལ་ནི་འགྱུར་མེད་ཀྱི་ལས་འགན་ཡིན་ཞིང་། སྲིད་གཞུང་རིམ་པ་ཁག་གིས་བཀའ་བཀོད་བཏང་ཟིན་པས། ངེས་པར་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་ཡོང་བ་བྱེད་དགོས།
          (ལྔ)ཚད་མཐོའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་རིམ་གསར་པར་སྐུལ་འདེད་བཏང་སྟེ་མཉམ་ལས་མཉམ་རྒྱལ་ཡོང་གང་ཐུབ་བྱེད་རྒྱུ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་གནས་སྟངས་ཀྱི་འགྱུར་བ་ཟབ་མོའི་མདུན་དུ། རྒྱལ་ནང་གི་དཔལ་འབྱོར་སྤུས་ལེགས་ནུས་ཆེ་དང་རིམ་པ་སྤོར་བའི་བླང་བྱ་དགོས་གཏུགས་ཆེ་བར་བསྟུན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས། སྒོ་འབྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་འཕེལ་བར་བྱེད་པ་དང་། སྒྱུར་བཅོས་ཀྱི་སྒུལ་ཤུགས་གསར་སྣོན། འགྲན་རྩོད་ཀྱི་དགེ་མཚན་གསར་པ་གསར་སྐྲུན་བཅས་བྱེད་རྒྱུ།
          “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། རྒྱལ་ནང་གི་ས་ཁོངས་གསར་སྤེལ་སྒོ་འབྱེད་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་གཅིག་གྱུར་འཆར་འགོད་བྱས་ཏེ། སྐམ་སའི་དཔལ་འབྱོར་ཁྱམས་ར་དང་མཚོ་ཐོག་གི་མཉམ་ལས་རྟེན་ས་ཐུན་མོང་ཐོག་བསྐྲུན་རྒྱུ་དང་། ཕན་ཚུན་སྦྲེལ་མཐུད་དང་། དཔལ་འབྱོར་ཉོ་འཚོང་མཉམ་ལས། རིག་སྐྲུན་བརྗེ་རེས་བཅས་ཀྱི་སྐུལ་སྤེལ་གཏོང་རྒྱུ། ལམ་རྒྱུད་ཀྱི་ལས་ཆོད་ཆེ་བའི་འགག་སྒོའི་མཉམ་ལས་ལམ་སྲོལ་འཛུགས་སྐྱོང་དང་། རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་མོ་འཛུགས་སྐྲུན་བྱེད་རྒྱུ། མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་དང་། རྒྱལ་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ། མངའ་ཁོངས་ཕྱི་ལོག་གི་དཔལ་འབྱོར་ཉོ་འཚོང་མཉམ་ལས་ཁུལ་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག་”དེ་ཞི་བདེ་དང་མཛའ་མཐུན་གྱི་འབྲེལ་ཐག་དང་མཉམ་དུ་དར་རྒྱས་ཡོང་བར་བྱེད་པའི་ལམ་བུར་འགྱུར་བར་བྱེད་རྒྱུ།
         རྒྱལ་སྤྱིའི་ཐོན་ནུས་ཀྱི་མཉམ་ལས་རྒྱ་བསྐྱེད་རྒྱུ། ཁེ་ལས་གཙོ་བོར་འཛིན་པ་དང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བ། ཚོང་ར་ཅན་དུ་གཉེར་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ། དཔེ་སྟོན་ལས་གཞི་གལ་ཆེན་ཁག་ཅིག་ལག་བསྟར་བྱེད་རྒྱུ། ནོར་ཁྲལ་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས། མི་དམངས་ཤོག་སྒོར་ཕྱི་རྒྱལ་དུ་མཉམ་ལས་བྱེད་པའི་ཐེབས་རྩ་འཛུགས་རྒྱུ་དང་། ཕྱོགས་གཉིས་པོའི་ཐོན་ནུས་མཉམ་ལས་ཐེབས་རྩ་ལེགས་པོར་སྤྱོད་རྒྱུ། སྒྲིག་ཆས་དང་། ལག་རྩལ། ཚད་གཞི། ཞབས་ཞུ་བཅས་ཕྱིར་བསྐྱོད་པར་སྐུལ་འདེད་བཏང་ནས་ཀྲུང་གོས་བཟོས་པའི་ཚོང་རྟགས་གྲགས་ཅན་དུ་འགྱུར་བར་བྱེད་རྒྱུ།
          ཕྱི་ཕྱོགས་ཉོ་ཚོང་གསར་གཏོད་དང་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། ཕྱི་མཁོ་བསྟུད་མར་ཞན་པའི་གནས་བབ་ཛ་དྲག་གི་མདུན་དུ། ཐབས་མང་མཉམ་སྤྱོད་དང་། ཕྱིར་གཏོང་ནང་འདྲེན་ཆག་ཚུལ་བཀག་འགོག་བྱེད་རྒྱུ། གཅིག་ནས་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་གང་མགྱོགས་སུ་གཏོང་རྒྱུ། ཕྱིར་གཏོང་ཁྲལ་སློག་ཚད་ཀྱི་གྲུབ་ཚུལ་ལེགས་སུ་གཏོང་རྒྱུ་དང་། ཁྲལ་སློག་དུས་ཐོག་དང་འདང་ངེས་འགན་ལེན་བྱས་ཏེ། ཁྲལ་སློག་གཡོ་ལེན་བྱེད་རིགས་ལ་རྡུང་རྡེག་ནན་པོར་གཏོང་རྒྱུ། ཡུན་ཐུང་ཕྱིར་གཏོང་གི་ཡིད་རྟོན་འགན་བཅོལ་བྱེད་ཁྱོན་ཆེ་རུ་བཏང་སྟེ། སྒྲིག་ཆས་ཆ་འགྲིག་ཕྱིར་གཏོང་གི་དངུལ་བསྡུའི་འགན་བཅོལ་དགོས་རིགས་འགན་བཅོལ་ཐུབ་པར་བྱེད་རྒྱུ། གཉིས་ནས་ཚོང་ལས་རྣམ་པའི་གསར་གཏོད་ལ་བསྔགས་སྐུལ་བྱེད་རྒྱུ། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཚོད་ལྟ་བྱེད་པ་དང་། ཁེ་ལས་ལ་ཕྱིར་གཏོང་ཐོན་རྫས“ཕྱི་མཛོད”ཁག་ཅིག་འཛུགས་རོགས་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་ཞབས་ཞུའི་ཁེ་ལས་གོང་དུ་འཕེལ་བར་བྱེད་རྒྱུ། གསུམ་ནས་ཉོ་ཚོང་གི་གྲུབ་ཚུལ་ལེགས་འགྱུར་བྱེད་རྒྱུ། ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟ་བྱས་ནས། ཞབས་ཞུ་རྩིས་སྤྲོད་ཀྱི་དཔེ་སྟོན་གྲོང་ཁྱེར་མང་དུ་གཏོང་རྒྱུ་དང་། རིག་གནས་ཕྱི་ཕྱོགས་ཉོ་འཚོང་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ། འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་སྔར་ལས་སྡེབ་སྒྲིག་ལེགས་སྒྱུར་བྱེད་རྒྱུ་དང་། ལས་སྣོན་ཉོ་ཚོང་དེ་དབུས་ནུབ་ས་ཁུལ་དུ་སྤོ་སྒྱུར་བྱེད་པ་ནས་ཐོན་ལས་ཕྲེང་བའི་རིམ་པ་མཐོ་འབྲིང་དུ་མཆེད་པར་བྱེད་རྒྱུ། བཞི་ནས་ཉོ་ཚོང་སྟབས་བདེ་ཅན་དུ་སྐུལ་འདེད་གཏོང་རྒྱུ། རྒྱལ་སྤྱིའི་ཉོ་ཚོང་གི“མཐོང་ལམ་རྐྱང་པ”ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ། ཕྱིར་གཏོང་ཚོང་ཟོག་དཔྱད་བཤེར་བྱེད་ཚད་ཆུང་དུ་གཏོང་རྒྱུ། ལྔ་ནས་ནང་འདྲེན་སྲིད་ཇུས་སྔར་ལས་དགེ་མཚན་ལྡན་པ་ལག་བསྟར་བྱེད་རྒྱུ། སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་དང་། འགག་རྩའི་ལྷུ་ལག་དང་། དེ་མིན་ནུས་ཁུངས་ཀྱི་མ་བཅོས་རྒྱུ་ཆས་དཀོན་རིགས་བཅས་ནང་འདྲེན་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ།
            ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མ་དངུལ་བཞག་འཐུས་མུ་མཐུད་དེ་ལྷུག་ཏུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་དང་སྤྱིར་བཏང་གི་བཟོ་སྐྲུན་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁེ་ལས་འཛུགས་པའི་འགྲོ་ལུགས་འགྲིམ་སྟབས་བདེ་རུ་བཏང་སྟེ། ཚོང་པ་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྐམ་སའི་ནང་ལོགས་དང་མཚོ་རྒྱུད་མཐའ་ཁུལ་སྒོ་འབྱེད་པའི་རྣམ་པ་གསར་གཏོད་བྱས་ཏེ། ཕྱི་ཕྱོགས་ཅན་གྱི་ཐོན་ལས་ཁྱུ་ཚོགས་གསར་པ་སྐྲུན་རྒྱུ་དང་། ཕྱི་རྒྱལ་གྱི་མ་དངུལ་སྔར་བས་མང་པོ་དབུས་ནུབ་ས་ཁུལ་ལ་འཇོག་པར་ཁྲིད་སྟོན་བྱེད་རྒྱུ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཚོད་ལྟ་བྱེད་གནས་རྒྱ་བསྐྱེད་རྒྱུ། གསར་སྤེལ་ཁུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་རྒྱུ། ང་ཚོས་སྔར་ལས་དྲང་གཞག་དང་། སྔར་ལས་ཁ་གསལ། སྔོན་དཔག་ཇེ་ཆེར་ཐུབ་པ་བཅས་ཀྱི་མ་དངུལ་འཇོག་པའི་ཁོར་ཡུག་བསྐྲུན་རྒྱུ་དང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡིད་དབང་འགུག་ཤུགས་ཀྱིས་ཕྱུག་པའི་ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་འཇོག་ཡུལ་བཟང་པོར་འགྱུར་བར་བྱེད་དགོས།
          རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་ལག་བསྟར་མགྱོགས་སུ་གཏོང་རྒྱུ། ས་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་ཧུར་ཐག་ངང་བཞག་སྟེ། ཀྲུང་གོ་དང་ལྗར་པན། ཁོ་རེ་ཡ་ལྷོ་མ་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་སོགས་པའི་གྲོས་མོལ་མགྱོགས་སུ་གཏོང་རྒྱུ་དང་། ཀྲུང་གོ་དང་ཨ་རི། ཀྲུང་གོ་དང་ཡོ་རོབ་བར་གྱི་མ་དངུལ་འཇོག་རྒྱུའི་གྲོས་མཐུན་ཡོང་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་མཉམ་ལས་འཐབ་ཇུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ང་ཚོས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཉོ་འཚོང་མ་འཇོག་རང་དབང་ཅན་ལ་སྐུལ་འདེད་བཏང་སྟེ། ལྷན་དུ་དོ་མཉམ་དང་། མཉམ་རྒྱལ། ཁོང་ཡངས་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་འཚོང་གྱི་མ་ལག་སྐྲུན་འདོད་ཡོད།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】