མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         སྨན་བཅོས་ལས་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་མི་དོན་གྱི་ཕོགས་ཐོབ་ལམ་ལུགས་འཛུགས་སྐྱོང་དང་འཐུས་ཚང་དུ་བཏང་ནས། སྨན་དོན་མི་སྣའི་ཧུར་སེམས་སྲུང་སྐྱོང་དང་སྐུལ་སློང་བྱེད་རྒྱུ། སྨན་པ་དང་ནད་པའི་དབར་ཞི་མཐུན་གྱི་འབྲེལ་བ་འཛུགས་རྒྱུ། བཟའ་ཚོ་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་ཆ་འགྲིག་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། མི་དམངས་བདེ་ཐང་ཡོང་བའི་ཆེད་དུ་གཅིག་གྱུར་དང་དབང་གྲགས་ལྡན་པའི་བཟའ་བཅའ་དང་སྨན་རྫས་ཉེན་མེད་ཀྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་ཡོང་བར་བྱེད་རྒྱུ་མགྱོགས་སུ་བཏང་ནས། ཞིང་ས་ནས་ཟས་ཅོག་བར་དང་ཁེ་ལས་ནས་སྨན་ཁང་བར་གྱི་འགོག་སྲུང་བྱེད་རིམ་ཡོད་ཚད་དམ་པོར་བསྲུངས་ནས། མི་དམངས་མང་ཚོགས་ལ་ཟས་རིགས་ཉེན་མེད་བློ་བདེའི་ངང་ནས་ལོངས་སུ་སྤྱོད་དུ་འཇུག་རྒྱུ།
          སྤྱི་ཚོགས་འགན་སྲུང་གི་ཉེན་འགོག་དྲ་བ་ཞིབ་ཚགས་དང་བརྟན་པོར་བསྐྲུན་རྒྱུ། ལས་འཁྱུར་ངལ་གསོ་མཁན་གྱི་མ་མཐའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་མུ་མཐུད་ནས་མཐོ་རུ་གཏོང་རྒྱུ། ས་གནས་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་ནས། རྒན་གསོའི་འཚོ་དངུལ་དུས་ཐོག་ཏུ་ཆད་ལུས་མེད་པར་སྤྲོད་འགན་ཏན་ཏིག་འཁུར་རྒྱུ། རྒྱལ་ཁབ་ལ་དབང་བའི་མ་རྩའི་ཆ་ཤས་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་གསབ་སྣོན་དུ་སྒྱུར་ཐབས་གཏན་འབེབས་བྱེད་རྒྱུ། རྒན་གསོའི་ཞབས་ཞུའི་ལས་རིགས་ཕྱོགས་བསྡུས་ཀྱིས་བསྒྱུར་བཅོས་ཚོད་ལྟ་བྱས་ཏེ། རྣམ་པ་མང་བའི་སྨན་བཅོས་ལུས་གསོ་ཟུང་འབྲེལ་ཡོང་བར་བྱེད་རྒྱུ། སྐབས་ཐོག་རོགས་སྐྱོབ་དོན་འཁྱོལ་དང་། དམིགས་བསལ་དབུལ་ཕོངས་པ་རོགས་སྐྱོབ་འཚོ་སྐྱོང་སོགས་པའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། རོགས་སྐྱོབ་འཚོ་སྐྱོང་གི་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱས་ནས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་མི་རེའི་ཆ་སྙོམས་རོགས་དངུལ་ཚད་གཞི་སོ་སོར་5%དང་8%སྤར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་ཇེ་མགྱོགས་སུ་བཏང་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཛ་དྲག་གི་གནད་དོན་འཕྲད་སྐབས་རོགས་སྐྱོར་ཐོབ་པ་དང་དཀའ་ངལ་འཕྲད་སྐབས་རོགས་རམ་ཐོབ་པར་བྱས་ཏེ། སྤྱི་ཚོགས་མཛའ་བརྩེ་དང་དྲོ་སྐྱིད་ཀྱིས་ཕྱུག་པར་བྱེད་རྒྱུ།
           རིག་གནས་སྒྱུར་བཅོས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བརྟེན་ནས་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་ཆིག་སྒྲིལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དོན་འཁྱོལ་བྱེད་ཅིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གསར་གཏོད་ལས་གཞི་ལག་བསྟར་བྱེད་པ་དང་། རྩོམ་རིག་སྒྱུ་རྩལ་དང་། གསར་འགྱུར་དཔེ་སྐྲུན། རྒྱང་བསྒྲགས་དང་གློག་བརྙན་བརྙན་འཕྲིན། ཡིག་ཚགས་སོགས་པའི་ལས་རིགས་གོང་འཕེལ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་དཔེ་གསར་འཛུགས་རྒྱུ། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་རྒྱུ། དམངས་ཡོངས་ཀྱི་དཔེ་དེབ་ལྟ་ཀློག་དར་སྤེལ་གཏོང་བ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་དང་ཚན་རིག་དགོངས་དོན་དར་སྤེལ་བཏང་ནས་རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཚད་གཞི་མཐོ་རུ་གཏོང་རྒྱུ། སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་གོང་འཕེལ་ཡོང་བར་བྱེད་རྒྱུ། སྐྱོན་བྲལ་གྱི་དྲ་སྦྲེལ་རིག་གནས་སྐྱེད་སྲིང་དང་། ཀྲུང་ཕྱིའི་བར་གྱི་མི་ཆོས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་པའི་རིག་གནས་ཐོན་ཁུངས་གྲོང་གསེབ་དང་གཞི་རིམ་དུ་ཕྱོགས་ཆ་ལྡན་པར་སྣེ་ཁྲིད་བྱེད་པ་དང་། རིག་གནས་ཐོན་ལས་གསར་གཏོད་གོང་སྤེལ་ལ་སྐུལ་འདེད་གཏོང་རྒྱུ། རིག་གནས་ཁྲོམ་ར་དར་རྒྱས་གཏོང་བ་དང་རིག་གནས་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། གྲངས་འཛིན་རླུང་འཕྲིན་དང་བརྙན་འཕྲིན་ཁྱིམ་ཚང་ཡོངས་ལ་ཁྱབ་པར་བྱེད་རྒྱུ། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སོགས་པའི་གྲ་སྒྲིག་ལས་དོན་ཡག་པོར་བསྒྲུབས་ནས། དམངས་ཡོངས་ཀྱིས་ལུས་སྦྱོང་གི་དར་སྲོལ་གསར་པ་ཆགས་པར་བྱེད་རྒྱུ།
           སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་བྱེད་རྒྱུ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་ལ་སྐུལ་སྤེལ་དང་། གཞི་རིམ་གྱི་དམངས་གཙོའི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་པའི་ཚོགས་པ་དང་རྩ་འཛུགས་ཀྱིས་སྤྱི་ཚོགས་དོ་དམ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ། ལས་རིགས་ཀྱི་མཐུན་ཚོགས་དང་ཚོང་ཚོགས་གཉིས་སྲིད་འཛིན་ལས་ཁུངས་དང་འབྲེལ་ཐག་བཅད་དེ་སྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་འཕེལ་རྒྱས་ཁྲིམས་ལྟར་ཚད་ལྡན་བཟོ་བ། ཆེད་ལས་ཀྱི་སྤྱི་ཚོགས་ལས་ཀ་དང་དང་བླངས་ཞབས་ཞུ། གཞན་ཕན་ལས་དོན་བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་རྒྱུ། བུད་མེད་དང་། བྱིས་པ། དབང་པོ་སྐྱོན་ཅན་པ་བཅས་ཀྱི་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་པ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་། བུད་མེད། རྒན་རྒོན་བཅས་ལ་ཐུགས་འཁུར་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་རྒྱུ། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ནས། “ལོ་ལྔ་ཚན་བདུན་པའི”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ལག་ལེན་བསྟར་འགོ་བཙུགས་ཏེ་ཁྲིམས་ལུགས་ཀྱི་རོགས་སྐྱོར་དང་སྤྱི་ཚོགས་ཡོ་བསྲང་གི་ལས་ཀ་ཡག་པོར་བསྒྲུབ་རྒྱུ། རྒྱལ་ཁབ་ཀྱི་དྲ་སྦྲེལ་བདེ་འཇགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་ལམ་སྲོལ་གསར་གཏོད། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བདེ་འཇགས་འགོག་སྲུང་མ་ལག་འཛུགས་སྐྱོང་ལ་སྐུལ་སྤེལ་མགྱོགས་སུ་གཏོང་བ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམས་མཐུན་ལྟར་ཉེས་ཆད་གཅོད་པ། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་གཏོང་རྒྱུ། ཡིག་སྐུར་ངོ་བཅར་གྱི་ལས་དོན་ལེགས་གཏོང་དང་བར་འདུམ་གྱི་ལམ་སྲོལ་སྣ་ཚོགས་འཐུས་ཚང་དུ་བཏང་སྟེ་འགལ་ཟླ་དང་རྩོད་གཞི་ཕན་འབྲས་ཐོན་པར་འདུམ་ཐབས། སྤྱི་ཚོགས་དུས་བདེ་ཞི་མཐུན་བཅས་ཡོང་བར་བྱེད་རྒྱུ།
          ཚེ་སྲོག་ནི་ཀུན་ལས་ལྷག་པ་དང་། བདེ་འཇགས་ནི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི་བས། ཉེན་མེད་ཐོན་སྐྱེད་དང་སྤྱི་པའི་བདེ་འཇགས་ངེས་པར་དུ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་བྱེད་རྒྱུ་དང་། བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གནོད་བགེག་སེལ་ནུས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལྟ་སྐུལ་ཚད་ལེན་གྱི་ཉེན་བརྡའི་འཕྲལ་བསྟུན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གནམ་གཤིས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ས་ཡོམ། ཐིག་ལེན། ས་གཤིས་སོགས་ཀྱི་ལས་ཀ་ཡག་པོར་བསྒྲུབ་རྒྱུ། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་དང་། དཔྱད་ཞིབ་ལམ་སྲོལ་བཅས་འཐུས་ཚང་དུ་གཏོང་བ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་འཛོལ་ཁག་འགན་བདའ་འདེད་བཅས་བྱེད་རྒྱུ། ཁྲིམས་བསྟར་ལྟ་སྐུལ་དོ་དམ་ནན་པོར་བྱེད་རྒྱུ་དང་། བདེ་འཇགས་ཐད་ཀྱི་ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་རྒྱུ།
        (བརྒྱད)སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་སྐྱོང་ནུས་པ་དང་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་རྒྱུ།
         ལས་འགན་ཇི་ཙམ་ལྕི་ཡང་འཁུར་སེམས་ལྡན་དགོས། དཀའ་ཚེགས་དང་རྙོག་འཛིང་ཤིན་ཏུ་ཆེ་བའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་འཕྲད་སྐབས། སྲིད་གཞུང་རིམ་པ་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། ཁྱིམ་ཚང་དུ་མའི་བདེ་སྡུག་སེམས་ལ་བཅངས་ནས། མང་ཚོགས་བློ་མོས་ཆེ་བའི་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་ཀྱི་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་། ཞབས་ཞུ་ཅན་གྱི་སྲིད་གཞུང་བཅས་འཛུགས་སྐྱོང་བྱེད་རྒྱུ།
         ཁྲིམས་མཐུན་ལྟར་འགན་ནུས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་གཞུང་གི་བྱ་སྤྱོད་ཁྱོན་ཡོངས་ནས་ཁྲིམས་སྐྱོང་ལམ་བུར་འཇུག་རྒྱུ། སྲིད་གཞུང་རིམ་པ་ཁག་དང་ལས་དོན་མི་སྣ་གཞན་དག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་ནན་པོར་བྱེད་དགོས་པ་དང་། རང་འགུལ་ངང་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་རྒྱུ། ཁྲིམས་བཀོད་འགན་འཁྲི་ངེས་པར་སྒྲུབ་དགོས་པ་དང་། ཁྲིམས་ཀྱིས་དབང་བསྐུར་མེད་ན་མི་བྱེད་པར། སྲིད་གཞུང་གི་ཁྲིམས་ལུགས་བློ་འདྲིའི་ལམ་ལུགས་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ། སྲིད་དོན་ཡོངས་བསྒྲགས་ལ་སྐུལ་སྤེལ་གཏིང་ཟབ་དང་། སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་། གསར་དར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ཐུབ། དྲ་སྦྲེལ་སྟེགས་བུ་བེད་སྤྱོད་ཡག་པོ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་སེམས་ཁུར་ལ་དུས་ཐོག་ཏུ་ཨ་ལན་བསློགས་ཏེ། སྲིད་གཞུང་གིས་གང་ཞིག་སྒྲུབ་པ་དང་ཇི་ལྟར་སྒྲུབ་མིན་མང་ཚོགས་ལ་ཤེས་རྟོགས་བྱེད་དུ་འཇུག་རྒྱུ། སྲིད་གཞུང་རིམ་པ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ཁྲིམས་མཐུན་ལྟར་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། དབང་ཆ་ཀུན་གསལ་ཐོག་སྤྱོད་དུ་འཇུག་རྒྱུ།
         སྤྱོད་གཙང་འགན་སྒྲུབ་མཐའ་འཁྱོངས་བྱས་ཏེ། རུལ་རྒོལ་གཙང་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ། ཡ་མེད་སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་བཅོས་སྐྱོང་ནན་པོར་བྱེད་རྒྱུ། སྲིད་འཛིན་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩིས་བཤེར་ཁྱོན་ཡོངས་ལ་ཁྱབ་པར་བྱེད་རྒྱུ། དབང་ཆ་འཕྲི་འཐེན་ཚོད་འཛིན་དང་། ལྟ་སྐུལ་དོ་དམ་གསར་གཏོད་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁེ་ཕན་འཚོལ་གཉེར་གྱི་བར་སྟོང་ཆུང་དུ་བཏང་ནས། རུལ་སུངས་ཐོན་སླའི་ཁྱབ་ཁོངས་གཙང་སེལ་བྱེད་རྒྱུ། ཏང་སྲོལ་དང་སྲིད་དོན་གཙང་སྐྱོང་གཞི་རིམ་དུ་མཆེད་པར་བྱེད་རྒྱུ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་ཚུལ་མིན་སྤྱོད་ཡན་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ། རུལ་སུངས་ལ་བློ་བརྟན་འགྱུར་མེད་ཀྱིས་ཆད་པ་ནན་པོར་གཅོད་རྒྱུ།
        འགན་འཁྲི་སྒྲུབ་པར་སྙིང་རུས་མཐའ་འཁྱོངས་བྱས་ཏེ། ལག་བསྟར་བྱེད་ནུས་དང་ཀུན་གྱི་ཡིད་རྟོན་བྱེད་ཚད་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གི་ལས་བྱེད་མི་སྣས་རང་འགན་འབད་སྒྲུབ་དང་། ཉིན་མཚན་བལྟོས་མེད་གཞུང་དོན་སྒྲུབ་པ། རང་འགུལ་གྱིས་སྒྲུབ་པ་དང་ཐབས་མཁས་སྒྲུབ་མཁས་བཅས་བྱེད་དགོས། “ནན་གསུམ་དྲང་གསུམ”ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་དང་། སྤྱི་ཡོངས། སྲོག་ཤིང་། མིག་དཔེ་བཅས་ཀྱི་འདུ་ཤེས་ཆེ་རུ་གཏོང་རྒྱུ་དང་། སྤྱོད་ཚུལ་དང་ནུས་པ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ། ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་མ་ཟད་ལག་བསྟར་ནན་པོའང་བྱས་ཏེ། སྲིད་ཇུས་དང་ལས་འགན་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་རྒྱུ། ལྟ་ཞིབ་འགན་འདྲིའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཐ་མལ་སྲིད་སྐྱོང་དང་། སྒྱིད་ལུག་སྲིད་སྐྱོང་། ཁྲལ་སེལ་སྲིད་སྐྱོང་བཅས་ཀྱི་བྱ་སྤྱོད་དག་ཐེར་ནན་པོ་མཐའ་གཅིག་ཏུ་བྱས་ཏེ། ལས་གནས་བཟུང་ནས་ལས་ཀ་མི་བྱེད་པ་རྩ་བ་ནས་མི་ཐོན་པར་བྱེད་རྒྱུ། ངར་སྐུལ་གྱི་རྐྱེན་སྲོལ་དང་ནོར་འཁྲུལ་ཤོར་འཐུས་ཡོ་བསྲང་གི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྒྱུར་བཅོས་གསར་གཏོད་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུ་དང་། རྒྱ་ཆེའི་ལས་བྱེད་པར་ལས་ཀ་བྱེད་འདོད་པ་དང་ལས་ཀ་བྱེད་ཕོད་པ། ལས་ཀ་བྱེད་ཐུབ་པ་བཅས་བྱེད་དུ་འཇུག་རྒྱུ། ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་ངོ་30ལྷག་ཙམ་གྱི་གྲུབ་འབྲས་འོད་སྟོང་འབར་བ་ནི་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱི་ངལ་རྩོལ་ལས་ཐོབ་པ་རེད།
         གོང་འོག་བློ་ཁ་མཐུན་ན་ལམ་ལྷོང་ཡོང་། ང་ཚོས་ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས། དམ་པ་དོན་གཉེར་གྱི་གྲུབ་འབྲས་མངོན་གསལ་དོད་པའི་ས་ཁུལ་ལ་འཛུགས་སྐྲུན་མ་དངུལ་བཀོད་སྒྲིག་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གསར་སྣོན། ནོར་སྲིད་ཀྱི་ཕྱིར་བསྡུ་མ་ཐུབ་པའི་མ་རྩ་གཅིག་གྱུར་གྱིས་འཆར་འགོད་བེད་སྤྱོད་བྱེད་པ་སོགས་ཀྱི་ཐད། བྱ་དགའ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ས་གནས་ཁག་གིས་དོན་དངོས་གཞིར་བཟུང་ལས་དོན་བསྒྲུབ་པ་དང་བྱ་གཞག་གསར་གཏོད་བྱེད་པར་བསྔགས་སྐུལ་བྱས་ཏེ། འགྲན་པའི་ཚུལ་གྱིས་འཕེལ་རྒྱས་འགྲོ་ཞིང་འཁྲུག་ཆ་དོད་པའི་རྣམ་པ་ཆགས་པར་བྱེད་རྒྱུ།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】