མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         འཐུས་མི་རྣམ་པ།
         ཀྲུང་ཧྭ་མི་རིགས་ནི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་པ་དང་། མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ་ནི། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་བགྲོད་ལམ་ཡང་དག་རྒྱུན་འཁྱོངས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ཏན་ཏིག མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱེད་སྒོ་ཟབ་སྤེལ། མི་རིགས་ཁག་གི་མི་དམངས་བར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་གྲུབ་ཚུལ་དང་སྡེ་ཁུལ་ཁོར་ཡུག་འཛུགས་སྐྱོང་བྱེད་པར་སྐུལ་འདེད། མི་རིགས་ཁག་གི་མི་དམངས་བར་གྱི་སྤེལ་རེས་འབྲེལ་འདྲིས་དང་ལྷན་འདྲེས་ལ་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱད་པར་ཅན་གྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་། ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་གསེབ་དང་གྲོང་རྡལ་སྲུང་སྐྱོང་དར་སྤེལ། མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མཐའ་དར་དམངས་ཕྱུག་གི་བྱེད་སྒོ་ཤུགས་ཆེན་སྤེལ་སྟེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཐུན་མོང་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་བགྲོད་ལམ་ཐོག་བསྐྱོད་དུ་འཇུག་རྒྱུ།
         ང་ཚོས་ཆོས་ལུགས་ལས་དོན་གྱི་ཏང་གི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་རྒྱུན་འཁྱོངས། ཆོས་ལུགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་སྐུལ་སྤེལ་བྱེད་པའི་ཁྲོད་ཀྱི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ།
         ང་ཚོས་ཕྱིར་སྡོད་རང་མིའི་ལས་དོན་ཐད་ཀྱི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་དང་། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་། ཁོ་ཚོའི་དམིགས་བསལ་དགེ་མཚན་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་དང་། རྒྱལ་ཕྱི་རྒྱལ་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་ཁ་ཕྱོགས་ཤུགས་རྒྱུན་མ་ཆད་པར་ཆེ་རུ་གཏོང་དགོས།
         འཐུས་མི་རྣམ་པ།
         འདས་པའི་ལོ་གཅིག་རིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ལོ་གསར་པའི་ནང་། གནས་བབ་གསར་པའི་འོག་ཏུ་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཏང་གི་དམིགས་འབེན་མངོན་འགྱུར་བྱེད་པར་རྩེ་གཅིག་ཏུ་དམིགས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་།བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་སྐུལ་འདེད་ཟབ་སྤེལ་དང་། དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་ཤུགས་བརྒྱབ་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་རྒྱུན་འཁྱོངས་དང་། ཀུའུ་ཐེན་དུ་འཚོགས་པའི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་རྒྱུ། ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། རྒྱུན་ལྡན་གྱི་དམག་འཁྲུག་གྲ་སྒྲིག་དང་མཐའ་མཚོ་མཁའ་གསུམ་གྱི་དགྲ་ཟོན་དང་དོ་དམ་དང་ལྟ་འདོམས་རྩ་འཛུགས་ནན་པོར་བྱེད་རྒྱུ། རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་ལས་དོན་དང་དམག་ཆས་གོང་དུ་སྤེལ་བར་ཤུགས་སྣོན་དང་།འགོ་ཁྲིད་ཀྱི་བཀོད་འདོམས་ལམ་སྲོལ་བསྒྱུར་བཅོས་གོམ་པ་བརྟན་པོའི་ངང་སྐུལ་སྤེལ། དམག་དཔུང་གི་གཞི་ཁྱོན་གྲུབ་ཚུལ་དང་སྲིད་ཇུས་ལམ་ལུགས་སོགས་སྒྱུར་བཅོས་བཀོད་སྒྲིག་བཅས་བྱེད་རྒྱུ། དམག་དཔུང་འཛུགས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་དཔུང་སྡེ་འཛུགས་སྐྱོང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་དང་རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ཁྱབ་ཁོངས་གཙོ་ཆེའི་དམག་དམངས་མཉམ་འདྲེས་གཏིང་ཟབ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་ཁྲོད་རྒྱལ་སྲུང་གི་དགོས་མཁོར་བསམ་གཞིགས་གང་ལེགས་བྱ་རྒྱུ། རྒྱལ་སྲུང་ཚན་རྩལ་བཟོ་ལས་དར་སྤེལ་གཏོང་བ་བཅས་བྱེད་རྒྱུ། སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཆུ་དང་ཉ་མོ་ལྟ་བུའི་དུས་སྐབས་གསར་པའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་བགྲོད་ལམ་ཞིག་ཏུ་བསྐྱོད་རྒྱུ།
         འཐུས་མི་རྣམ་པ།
         ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་པས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་གནད་འཁེལ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་ལས་དོན་གཟབ་ནན་གྱིས་སྒྲུབ་པ། ཤང་ཀང་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་དང་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་གང་ཡོད་བཏོན་ནས་རྒྱབ་སྐྱོར། ཤང་ཀང་དང་ཨའོ་མོན་གྱི་དམིགས་བསལ་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་ཁྲོད་ཀྱི་ཤང་ཀང་དང་ཨའོ་མོན་གྱི་གནས་བབ་དང་བྱེད་ནུས་ཆེ་རུ་གཏོང་བ། ནང་ས་དང་ཀང་ཨའོ་བར་གྱི་མཉམ་ལས་ཟབ་སྤེལ་དང་། ཤང་ཀང་དང་ཨའོ་མོན་གྱི་རང་ངོས་འགྲན་ནུས་ཆེ་རུ་འགྲོ་བར་བྱེད་པ་བཅས་བྱས་ན། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་འཇགས་རྒྱུན་མཐུད་ཡོང་ངེས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད།
          ང་ཚོས་ཐའེ་ཝན་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་སྔར་མུས་བཞིན་རྒྱུན་འཁྱོངས་དང་། “དགུ་གཉིས་ཐུན་མོང་ལྟ་བའི”ཆབ་སྲིད་རྨང་གཞི་མཐའ་འཁྱོངས། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་སྤེལ་དང་ཐའེ་ཝན་གྱི་མཚོ་རྒྱུད་ཞི་བདེ་བརྟན་གནས་སུ་སྲུང་སྐྱོང་བཅས་བྱེད་རྒྱུ། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་བྱེད་རྒྱུ་དང་། ངོགས་གཉིས་ཀྱི་རིག་གནས་སློབ་གསོ་དང་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ངོགས་གཉིས་ཀྱི་གཞི་རིམ་དང་ན་གཞོན་བར་གྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ང་ཚོས“ངོགས་གཉིས་ཁྱིམ་གཞིས་གཅིག་པའི”ལྟ་བ་བརྟན་པོར་འཆང་ཐོག སྤུན་ཟླ་ཐའེ་ཝན་པ་དང་ལྷན་དུ་མི་རིགས་ཀྱི་བདེན་དོན་མཉམ་འཁུར་དང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད། ངོགས་གཉིས་ལས་དབང་གཅིག་མཚུངས་ཀྱི་ཚོགས་སྤྱི་ལག་གདང་སྦྲེལ་ནས་འཛུགས་སྐྱོང་བྱེད་རྒྱུ།
         འཐུས་མི་རྣམ་པ།
         ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་སྔར་མུས་བཞིན་མཐོན་པོར་སྒྲེང་ཞིང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལྟ་བ་ལག་བསྟར།རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ། རང་རྒྱལ་དུ་འཚོག་གྲབས་ཡོད་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཚོགས་ལེགས་པོར་གཉེར་ཏེ། འཛམ་གླིང་གི་དཔལ་འབྱོར་གསར་གཏོད་ཡར་འཕེལ་འགྲོ་བར་སྐུལ་འདེད་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་དངུལ་རྩ་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུ། རྒྱལ་ཁབ་ཆེ་ཁག་གཙོ་བོ་དང་མཐུན་སྦྱོར་དང་མཉམ་ལས་བྱེད་པར་ཤུགས་སྣོན་དང་། དགེ་མཚན་ལྡན་པའི་མཉམ་འགུལ་དང་མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་རྒྱུ། ཉེ་འབྲེལ་རྒྱལ་ཁབ་བར་མཛའ་བརྩེ་ཟོལ་མེད་དང་གཉིས་ཕན་བཟོད་སྒོམ་གྱི་ཕྱི་འབྲེལ་ལྟ་བ་འཆང་བ་དང་། ས་ཁུལ་གཅིག་པའི་རྒྱལ་ཁབ་དང་ཡུན་རིང་ཞི་མཐུན་མཉམ་གནས་དང་། མཉམ་སྒུལ་ལྷན་འདྲེས་སུ་འཕེལ་རྒྱས་གཏོང་རྒྱུ། འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་མཉམ་ལས་ཟབ་སྤེལ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱས་ཐོགའཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ། གོ་ལ་ཧྲིལ་པོའི་རང་བཞིན་དང་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་པར་དགེ་མཚན་ལྡན་པའི་ངང་ཞུགས་རྒྱུ་དང་། ཕྱི་རྒྱལ་དུ་ཡོད་པའི་ཁེ་ཕན་སྲུང་སྐྱོང་བྱེད་ནུས་ཆེ་རུ་གང་མགྱོགས་བཏང་སྟེ། རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་རྒྱུ། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་དུ་འབད་པ་ལྷུར་ལེན་བྱེད་འདོད་ཡོད།
         འཐུས་མི་རྣམ་པ།
         འབད་བརྩོན་བྱས་ན་ད་གཟོད་མ་འོངས་པར་རྒྱལ་ཁ་ལེན་ཐུབ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ང་ཚོས་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག སེམས་ཤུགས་གཅིག་སྒྲིལ་དང་། འབད་བརྩོན་ལྷུར་ལེན་གྱིས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་ཡོང་བར་བརྩོན་རྒྱུ་དང་།འབྱོར་འབྲིང་གི་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་རིམ་དུ་འགོ་ལེགས་པོ་ཚུགས་པའི་འགན་ལེན་བྱས་ཏེ།སྟོབས་འབྱོར་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】