མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ལེའུ་གསར་པ་རྩོམ་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།
         མི་ཀུན་གྱིས་དོ་ཁུར་བྱེད་པའི་འོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་དེ་རིང་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་རེ་བ་ཕྲག་ཏུ་ཁུར་ཏེ་པེ་ཅིང་དུ་མཉམ་འཛོམས་ཀྱིས་རྒྱལ་དོན་གྲོས་མོལ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཇུས་གཞི་འཆར་འགོད་བྱེད་པ་དང་། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
         “ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་ལོར་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག  “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བར་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་ཏན་ཏིག་སྤྱད་པས་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད། ལོ་གཅིག་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བའི་ཁྲིམས་འཛུགས་རྣམ་གྲངས་གལ་ཆེན་ལ་དམ་འཛིན་བྱས་པར་ཁྲིམས་འཛུགས་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། གནད་དོན་གལ་ཆེན་འགའ་ཞིག་ཁྲིམས་ལྟར་ཐག་གཅོད་བྱས་པར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ལ་རྒྱར་སྲུང་སྐྱོང་ནུས་ལྡན་ཐུབ་པ། བཅའ་ཁྲིམས་མང་པོ་ཞིག་ལ་གཅིག་འདོམས་བཟོ་བཅོས་བརྒྱབ་པར་སྒྱུར་བཅོས་དང་ཁྲིམས་སྐྱོང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་སྐུལ་གཏོང་འགན་ལེན་ཐུབ་པ། ལྟ་སྐུལ་བྱེད་དབང་ལག་ལེན་ཏན་ཏིག་བསྟར་བར་ལྟ་སྐུལ་བྱེད་ཤུགས་དང་། བྱ་ཐབས། དངོས་ཕན་བཅས་ལེགས་སུ་ཏན་ཏིག་ཕྱིན་པ་ལ་སོགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཆབ་སྲིད་ཐད་སྟངས་འཛིན་དང་སྤྱི་ཡོངས་ཁྲོད་བྱ་སྤྱོད་སྤེལ་བ་དང་། དོན་ཆེན་དང་གནད་དོན་གལ་ཆེན་ཐད་འགན་འཁུར་ཕོད་པ་དང་ཡག་པོ་སྒྲུབ་ཐུབ་པ་བྱས་ཐོག ལས་ཀའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་དང་ཁྱད་འཕགས་རང་བཞིན་ཆེན་པོ་མངོན་པར་བྱས་ཡོད།
         ལམ་ལུགས་ཀྱིས་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་མངོན་འགྱུར་བྱེད་དགོས་ན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་གཞོགས་འདེགས་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི” འཆར་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དང་ལས་དོན་ཁག་ཁྲིམས་ལྟར་སྤེལ་བ་དང་སྐུལ་འདེད་གཏོང་བར་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་མེད་དུ་མི་རུང་བ་དང་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་རྒྱུར་དམིགས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཁྲིམས་འཛུགས་ཀྱི་དུས་ཐོག་རང་བཞིན་དང་། མ་ལག་རང་བཞིན། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ་ནི་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཁྲིམས་བཟང་ལ་བརྟེན་ནས་སྐྱོང་མཁས་པར་སྣེ་ཁྲིད་བྱེད་པའི་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། ཁྲིམས་འཛིན་ཞིབ་བཤེར་དང“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་ལས་ཀའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་དང་རྒྱབ་སྐྱོར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་ལྟ་སྐུལ་ལས་དོན་གྱི་ཤུགས་རྒྱག་ས་བཙལ་འཚོལ་ཡང་དག་བྱེད་པ་ནི་མི་དམངས་མང་ཚོགས་ཀྱིས་སྤྱིར་ན་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཡིན། འཐུས་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། འཐུས་མི་དང་མི་དམངས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན། དམངས་ཀྱི་རེ་འབོད་ལ་བརྡ་སློག་ཐུབ་པ་བཅས་བྱས་ནས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་འཐུས་ཚབ་ལས་ཁུངས་སུ་འགྱུར་བ་བྱེད་དགོས། དུས་བབ་གསར་པའི་འོག་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་བྱེད་ནུས་འདེགས་སྐྱོར་བྱེད་པའི་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ནས་ཁྲིམས་སྐྱོང་འདི་ཉིད་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་དད་པར་འགྱུར་བ་དང་མི་དམངས་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་འགན་ནི་ཤིན་ཏུ་ལྕི་བ་དང་གཟི་བརྗིད་དང་ལྡན་པ་ཞིག་རེད།
         2017ལོར་རང་རེའི་ཏང་གིས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུ་ཡིན་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཨང་དང་པོ་ཡིན། “འདུ་ཤེས་བཞི”བརྟན་པོ་བཙུགས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་ལག་བསྟར་ཐུབ་པ་བྱེད་པ། ཏང་གི་དགོངས་ཚུལ་དེ་ཁྲིམས་གཏན་འཁེལ་བའི་གོ་རིམ་བརྒྱུད་རྒྱལ་ཁབ་ཀྱི་འདོད་བློར་འགྱུར་བ་བྱ་རྒྱུ་བཅས་ནི་མི་དམངས་འཐུས་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་ཡག་པོ་བྱེད་པའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡིན། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་ཡག་པོ་ཡོང་བའི་འགན་ལེན་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ལྟ་སྐུལ་བྱེད་དབང་བེད་སྤྱོད་ཡག་པོ་བྱེད་པ། ཡང་དག་པའི་ལྟ་སྐུལ་དང་ལྟ་སྐུལ་ནུས་ལྡན་ལག་བསྟར་བྱེད་པ། རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་བཅས་བྱས་ཚེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ཐད་གྲུབ་འབྲས་གསར་པ་ཐོབ་ངེས་ཡིན་ལ་ལྟ་སྐུལ་འགན་ནུས་ཏན་ཏིག་བསྒྲུབ་རྒྱུ་སོགས་ཀྱི་ཐད་ཕན་འབྲས་གསར་པ་ཐོབ་ངེས་ཡིན་པས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན།
         དུས་ཚོད་སྤྱོད་ཐབས་དེ་འབད་འཐབ་དབང་གིས་དེ་བས་རིན་ཐང་ཆེ། ལོ་ངོ་60ལྷག་ཙམ་རིང་གི་ལག་ལེན་ལས་ར་སྤྲོད་བྱུང་བར། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་ཐུན་མིན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཞིག་ཡིན་པ་དེས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་ཐུབ་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་ཐུབ་པ། མི་དམངས་ཀྱི་དབང་ཆ་དང་རང་དབང་འགན་ལེན་ནུས་ལྡན་ཐུབ་པ། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་སྲུང་སྐྱོང་ནུས་ལྡན་ཐུབ་ཀྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་ནི་སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཆེན་མཐའ་མ་དེ་ཡིན་པས་མི་དམངས་ལས་བྱུང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི་རྒྱ་ཆེའི་འཐུས་མི་རྣམས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་མང་ཚོགས་དང་འབྲེལ་འདྲིས་དང་། དམངས་ཀྱི་གནས་ཚུལ་རྟོག་ཞིབ་བྱེད་པ། བློ་རིག་གཅིག་ཏུ་འདུས་པ། དུས་ཀྱིས་མི་་མི་སྒུག་པའི་ཁ་ཚ་དགོས་གཏུག་གི་བསམ་པ་དང་ང་མིན་ན་སུ་ཡིན་སྙམ་པའི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ། མི་དམངས་ཀྱི་མངག་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལེགས་སྐྱེས་གསར་པ་འབུལ་བ་དང་མུ་མཐུད་གཟི་བརྗིད་གསར་པ་གཏོད་དགོས།
        ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།