མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་གྲ་སྒྲིག་
ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་ཚེས་4ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲ་སྒྲིག་ཚོགས་འདུ་འཚོགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་བདམས་ཐོན་བྱུང་བ་དང་ཆབས་ཅིག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་ཡང་བྱུང་བ་རེད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པར་འཐུས་མི་2924ཞུགས་དགོས་ཤིང་། ཟླ་3ཚེས་3ཉིན་བར་འཐུས་མི་2875ཡིས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་རུ་འབྱོར་ཐོ་བཀོད་ཡོད། གོང་ཚེས་ཉིན་གྱི་གྲ་སྒྲིག་ཚོགས་འདུའི་ཐོག་འཐུས་མི་2757ཕེབས་ཡོད་པ་དང་འཐུས་མི་167ཕེབས་མེད་པས་ཚོགས་འདུར་ཞུགས་མཁན་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
          ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་ཟླ་3ཚེས་5ཉིན་འཚོག་རྒྱུ་དང་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་བསྒྲུབས་ཟིན་ཞེས་ཁྱབ་བསྒྲགས་གནང་བ་རེད།
         ཀྲང་ཏེ་ཅང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་མཛུབ་ཁྲིད་དགོངས་པ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། འཐུས་མིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཚོགས་འདུའི་གྲོས་རིམ་ཁག་ལེགས་སྒྲུབ་བྱེད་པ་བཅས་ཀྱི་ཐོག་ནས་ད་ཐེངས་ཀྱི་ཚོགས་ཆེན་འདི་ཉིད་དམངས་གཙོ་དང་། མཐུན་སྒྲིལ། དངོས་སྒྲུབ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་འཚོགས་ཐུབ་པ་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། གསར་འབྱེད་ཡར་བརྩོན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱ་རྒྱུར་སྐུལ་སློང་བྱས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         གྲ་སྒྲིག་ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་བདམས་ཐོན་བྱུང་ཞིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་མི་གྲངས་169ལས་གྲུབ་པ་དང་ལི་ཅན་གོ་ནི་ཚོགས་ཆེན་གྱི་དྲུང་ཆེ་ཡིན་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་ཚེས་4ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་གཞུང་དོན་གྲོས་མོལ་བྱེད་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ཚོགས་འདུའི་ཐོག་དང་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འོས་འདེམས་བྱས་པ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འགན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཆེ་བཅས་ཀྱིས་འཁུར་རྒྱུ། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་སྐོང་བསྡུ་དང་འབྲེལ་གཙོ་སྐྱོང་ཡང་གནང་རྒྱུ་རེད།
         ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཉིན་རེའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་དང་། ཚོགས་འདུའི་ཉིན་རེའི་གྲོས་རིམ་གཞིར་བཟུང་། ད་ཐེངས་ཀྱི་ཚོགས་ཆེན་དེ་ཟླ་3ཚེས་5ཉིན་གྱི་སྔ་དྲོ་འཚོག་རྒྱུ་དང་ཟླ་3ཚེས་15ཉིན་གྱི་སྔ་དྲོ་གྲོལ་རྒྱུ་ཡིན་པས་ཚོགས་ཡུན་ཉིན་བཅུ་དང་ཉིན་ཕྱེད་ཡིན་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་གཞུང་དོན་གྲོས་མོལ་བྱེད་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་ཞིག་འོས་འདེམས་བྱས་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞིའི་འགན་ཁག་སོ་སོར་འཁུར་རྒྱུ་རེད། བརྡས་ཐག་བཅད་པ་བརྒྱུད་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འོས་འདེམས་བྱས་པ་རེད།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚེས་4ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་གོ་གཉིས་པ་འཚོགས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཚེས་3ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་འཐུས་མི་ཚོགས་པ་ཁག་གིས་ཚོགས་འདུ་འཚོགས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན་དང་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་གནང་བ་རེད།
         ཚེས་4ཉིན་གྱི་སྔ་དྲོ་འཚོགས་པའི་ཨུ་ཡོན་ཀྲང་གི་ཚོགས་འདུའི་ཐོག་དང་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཁྲེན་གྱིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། མཚན་ཐོའི་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲ་སྒྲིག་ཚོགས་འདུའི་ཐོག་འདེམས་བསྐོ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འོས་མི་བརྡ་ཁྱབ་བཏང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོར་འོས་འདེམས་བྱ་རྒྱུར་འབུལ་རྒྱུ་རེད།
         ཚོགས་འདུའི་ཐོག་ཝང་ཁྲེན་གྱིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་གྱི་འཆར་ཟིན་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་གྲོས་རིམ་གྱི་འཆར་ཟིན་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད། ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ལག་བསྟར་ཀྲུའུ་ཞིའི་ཚོགས་ཆུང་ཁག་བགོས་ཀྱི་མཚན་ཐོའི་འཆར་ཟིན་བརྡ་ཁྱབ་བཏང་བ་རེད།