མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་
དང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་། དགུ་གསུམ་ཤེས་རིག་སློབ་ཚོགས་བཅས་
ཀྱི་ཨུ་ཡོན་ལ་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་
དང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་། དགུ་གསུམ་ཤེས་རིག་སློབ་ཚོགས་བཅས་
ཀྱི་ཨུ་ཡོན་ལ་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་པ།

           མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་3ཚེས་4ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་དང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་། དགུ་གསུམ་ཤེས་རིག་སློབ་ཚོགས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཏེ་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས་རླབས་ཆེན་བྱ་གཞག་ལས་ངེད་ཚོར་ཤེས་ཡོན་དང་ཤེས་ཡོན་ཅན་གྱི་དགོས་མཁོ་དེ་བས་ཆེ་བ་དང་ཤེས་ཡོན་ཅན་གྱིས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་ཞིང་རྒྱས་པ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས་པའི་གཏན་འཁེལ་བྱས་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ཤེས་ཡོན་ཅན་གྱིས་དུས་ཀྱིས་མི་མི་སྒུག་པའི་དགོས་གཏུགས་བསམ་པ་དང་ངས་མ་བྱས་ན་སུས་བྱེད་པའི་འགན་འཁྲི་ཁུར་སེམས་ཐོག་ནས་རང་འགུལ་ངང་འགན་ཁུར་བ་དང་། བྱས་རྗེས་ཧུར་ཐག་འཇོག་པ། དཀའ་སྤྱད་འབད་བརྩོན། ལས་ལ་བརྩོན་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་པ་རེད།
         མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཡའོ་ཨའེ་ཤིན་དང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཀྲའོ་ལིས་ཧུང་། ཆུས་ཕུང་ཧུང་། དབྱིན་ཧུང་། ཀྲེང་ཕུའུ་ཐན། ཀྲོའུ་ཅན་མིན། ཀྲོའུ་ཕུང་སོགས་ཨུ་ཡོན་9ཡིས་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མཁོ་ཆོད་སྨན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཞིང་ལས་ཀྱི་ཁ་གསབ་སྲིད་ཇུས་མ་ལག་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། རྒྱལ་སྤྱིར་ཀྲུང་ཧྭ་ཡི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། བདེ་ཐང་དབུལ་སྐྱོར་ལས་དོན་ལ་མཐོང་ཆེན་བྱེད་པ། རྨང་གཞིའི་སློབ་གསོའི་ཁུར་པོ་ཡང་དུ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ། ས་རྒྱུའི་སྦགས་བཙོག་འགོག་བཅོས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་པར་ཚན་རིག་དང་མཐུན་པའི་ཐབས་ལམ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་གཏམ་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་གཏམ་བཤད་གསན་རྗེས་གསུང་བཤད་གལ་ཆེན་གནང་བ་དང་ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་དང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་། དགུ་གསུམ་ཤེས་རིག་སློབ་ཚོགས་བཅས་ཀྱི་ཨུ་ཡོན་ལ་ལྟ་བ་དང་ཚང་མ་དང་ལྷན་དུ་གྲོས་བསྡུར་དང་སྤེལ་རེས་བྱས་པས་རང་ཉིད་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་དེ་གར་ཡོད་པའི་ཨུ་ཡོན་དང་། རྒྱ་ཆེའི་དམངས་གཙོའི་ཏང་ཤོག་ཁག་གི་ཁོངས་མི་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
         ཞི་ཅིན་ཕིང་གིས་ལོ་གཅིག་ནང་ང་ཚོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་རྒྱུར་ཁྲིད་སྟོན་བྱེད་པ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་གོམ་སྟབས་བརྟན་པོ་སྤོས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རྣམ་པ་གསར་པ་མངོན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། དཔལ་འབྱོར་འཕར་རྒྱུ་མུ་མཐུད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བཅས་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པར”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། གྲུབ་འབྲས་དེ་དག་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་། དེ་ནི་ཀྲུང་གུང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ་དམངས་གཙོའི་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་དེ་བཞིན་འདིར་བཞུགས་པའི་ཨུ་ཡོན་རྣམས་ཀྱི་སེམས་ནུས་དང་བློ་གྲོས་གཅིག་སྡུད་ཀྱང་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་སྔར་ནས་བཟུང་ཤེས་ཡོན་ཅན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ཤེས་ཡོན་ཅན་ནི་སྤྱི་ཚོགས་ཀྱི་ཕུལ་བྱུང་མི་སྣ་དང་། རྒྱལ་ཁབ་ཀྱི་རྐང་འཛིན་པ། མི་དམངས་ཀྱི་སྤོབས་པ་བཅས་ཡིན་ལ། རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཀྱང་ཡིན། རང་རྒྱལ་གྱི་ཤེས་ཡོན་ཅན་གྱིས་སྔར་ནས་བཟུང་ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་བ་ཆེ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་སེམས་ཆེ་བ་དང་། དྲང་བདེན་གྱི་བསམ་པ་ཆེ་བ། འགན་འཁྲི་ཁུར་ཕོད་པ་བཅས་ཡོད། མི་རབས་ནས་མི་རབས་བར་གྱི་ཤེས་ཡོན་ཅན་གྱིས་རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་ཀྱི་བྱ་གཞག་བཅས་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་ལ་ལ་ལས་ཐ་ན་རྩ་ཆེའི་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་ནས་དགའ་སྐྱོ་གཉིས་ལྡན་གྱི་བྱས་རྗེས་བཞག་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་སྤྱི་ཚོགས་ཡོངས་ཀྱིས་ཤེས་ཡོན་ཅན་ལ་ཐུགས་ཁུར་དང་བརྩི་འཇོག་བྱས་ཏེ་ཤེས་བྱར་བརྩི་འཇོག་དང་ཤེས་ཡོན་ཅན་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། ཤེས་ཡོན་ཅན་ཤེས་རྟོགས་ཐུབ་པའི་རྣམ་དཔྱོད་ཀྱི་མིག་དང་། ཤེས་ཡོན་ཅན་ལ་དགའ་ཞེན་བྱེད་པའི་བསམ་པ་རྣམ་དག ཤེས་ཡོན་ཅན་བཀོལ་སྤྱོད་བྱེད་པའི་བློ་སྟོབས། ཤེས་ཡོན་ཅན་ལ་བསྟུན་མཁས་བྱེད་པའི་ཁོག་ཡངས། ཤེས་ཡོན་ཅན་གཅིག་སྡུད་བྱེད་པའི་ཐབས་མཆོག་བཅས་ཀྱི་ཐོག་ནས་ཤེས་ཡོན་ཅན་ནང་འདྲེན་བྱེད་པའི་ལམ་བུ་རྒྱ་ཆེར་བཏོད་དེ་ཕྱོགས་ཁག་གི་ཤེས་ཡོན་ཅན་གཅིག་སྡུད་དང་གནམ་འོག་གི་འཇོན་ཐང་ཅན་བཀོལ་སྤྱོད་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཤེས་ཡོན་ཅན་དང་འབྲེལ་གཏུག་བྱེད་མཁས་པོ་བྱས་ཏེ་ཤེས་ཡོན་ཅན་གྱི་གྲོགས་བཟང་བྱེད་དགོས། ཤེས་ཡོན་ཅན་ལ་ཡིད་ཆེས་གང་ལེགས་བྱས་ཏེ་ལས་ཀ་གལ་ཆེན་སྒྲུབ་སྐབས་དང་ཐབས་ཇུས་གལ་ཆེན་འདོན་སྐབས་ཤེས་ཡོན་ཅན་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་དགོས། ཤེས་ཡོན་ཅན་གྱིས་བཏོན་པའི་བསམ་འཆར་དང་སྐྱོན་བརྗོད་དེ་དག་ཀུན་སློང་བཟང་པོ་ཡིན་ཕྱིན་དགའ་བསུ་ཆེན་པོ་ཞུ་བ་དང་བྱེད་ཐབས་བཟང་པོ་བསྡུ་ལེན་ཧུར་ཐག་བྱེད་དགོས། བསམ་འཆར་རེ་ཟུང་ཕྱོགས་ལྷུང་དང་ཐ་ན་ནོར་འཁྲུལ་ཡིན་ཀྱང་བསམ་ཤེས་མང་ཙམ་དང་བཟོད་སྒོམ་མང་ཙམ་བྱེད་དགོས། རྒྱ་ཆེའི་ཤེས་ཡོན་ཅན་ལ་ལས་དོན་སྒྲུབ་པ་དང་སློབ་སྦྱོང་བྱེད་པའི་ཆ་རྐྱེན་ཡག་པོ་མང་ཙམ་བཏོད་ནས་ཤེས་ཡོན་ཅན་ལ་ཕན་ཐོགས་པའི་ལས་སྒྲུབ་ལས་གཏོད་ཀྱི་སྒྲིག་སྲོལ་ལམ་སྲོལ་ཞིག་མགྱོགས་མྱུར་ཆགས་པ་བྱས་ནས་ཤེས་ཡོན་ཅན་གྱི་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ་ཤེས་ཡོན་ཅན་གྱི་སེམས་ཤུགས་དེ་བས་མང་བ་རང་འཁྲིའི་ལས་འགན་ཐོག་གཅིག་སྡུད་ཐུབ་པ་བྱས་ཏེ་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རྒྱ་ཆེའི་ཤེས་ཡོན་ཅན་གྱིས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བའི་མིག་དཔེ་བཏོན་ནས་རྒྱལ་ཁབ་དང་། མི་རིགས། མི་དམངས་བཅས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སེམས་ནང་སྤྱི་ཡོངས་འཇོག་པ་དང་དོན་ཆེན་སྒྲུབ་པའི་འགན་འཁྲི་ཁུར་སེམས་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་དྲང་བདེན་བརྟན་སྲུང་དང་བདེན་དོན་དོན་གཉེར་བྱས་ཏེ་རང་ཉིད་ནས་འགོ་འཛུགས་པ་དང་། འཕྲལ་མར་འགོ་འཛུགས་པ། རྒྱུན་གཏན་གྱི་འཚོ་བའི་ཁྲོད་ནས་འགོ་འཛུགས་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་སྲུང་བརྩི་ཞུ་རྒྱུར་ཁྲིད་སྟོན་བྱ་རྒྱུའི་ཐུགས་རེ་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རྒྱ་ཆེའི་ཤེས་ཡོན་ཅན་གྱིས་གསར་གཏོད་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ཧུར་ཐག་ཞུགས་ནས་རྒྱལ་ཁབ་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་རྒྱལ་ཁབ་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་དཔལ་འབྱོར་གྱི་འགྲན་རྩོད་ནུས་པའི་ལྟེ་བའི་འགག་རྩ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འཇུར་མིག་གི་ཚོད་འཛིན། རྒྱལ་ཁབ་བདེ་འཇགས་ཀྱི་འགྲན་སློང་འགངས་ཆེན་བཅས་ལ་དམ་པོར་དམིགས་ནས་རྒྱུན་ཆད་མེད་པར་ཤེས་བྱ་གསོག་འཇོག་བྱེད་པ་དང་། གསར་གཏོད་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། གསར་གཏོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། གསར་གཏོད་ཀྱི་རྩེ་མོར་རྒྱུན་ཆད་མེད་པར་འཛེགས་པ་བཅས་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
          ཞི་ཅིན་ཕིང་གིས་འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ལོ་ཞིག་ཡིན་པས། གནད་དོན་མི་ཉུང་བ་ཞིག་ལ་ཞིབ་འཇུག་གཏིང་ཟབ་དང་། ཁ་གཏད་འོས་འཚམ་གཅོག་པ། མཉམ་ཤུགས་འགག་སྒྲོལ་བཅས་བྱེད་དགོས་ཀྱི་ཡོད། ཚང་མས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་དང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཡོང་རྒྱུར་བརྟག་དཔྱད་དང་ཞིབ་འཇུག་གཏིང་ཟབ་བྱས་ནས་དངོས་སྒྲུབ་སྤྱོད་གོ་ཆོད་པའི་ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ་འདོན་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་འདི་ལོ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་དེ་བཞིན་ཞིང་ཆེན་རིམ་པའི་རྩ་འཛུགས་སྐབས་བརྗེ་བྱ་རྒྱུ་ཡིན་པས་དམངས་གཙོའི་ཏང་ཤོག་ཁག་གིས་ཆབ་སྲིད་འབྲེལ་མཐུད་ཡག་པོ་བྱེད་པ་དང་ངར་ཤུགས་གསར་པ་དང་རྣམ་པ་གསར་པ་ཧུར་ཐག་ངང་གཏོད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་མཉམ་དུ་ཐུན་མོང་གི་ཕུགས་བསམ་རྒྱུན་འཛིན་བྱེད་པ་དང་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཚེ་ང་ཚོའི་བྱ་གཞག་སྒྲུབ་མི་ཐུབ་པ་གཏན་ནས་མེད་ཅེས་ནན་བཤད་གནང་བ་རེད།