མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         གཅིག ལག་ཁྱེར་ཁ་པར་ལས་རྒྱལ་ནང་གི་ཐག་རིང་ཁ་པར་གཏོང་གླ་དང་མྱུལ་འགྲུལ་གླ་རིན་ཚང་མ་མེད་པར་བཟོ་རྒྱུ།
         ད་ལོར་དྲ་བའི་མྱུར་ཚད་ཇེ་མགྱོགས་དང་འགྲོ་གྲོན་གཅོག་པའི་གོམ་སྟབས་ཆེན་པོ་སྤོས་ཏེ། ལོ་འདིའི་ནང་དུ་ལག་ཁྱེར་ཁ་པར་ལས་རྒྱལ་ནང་གི་ཐག་རིང་ཁར་པར་གཏོང་གླ་དང་མྱུལ་འགྲུལ་གླ་རིན་ཚང་མ་མེད་པར་བཟོ་རྒྱུ་དང་། ཁེ་ལས་ཆུང་འབྲིང་གི་དྲ་སྦྲེལ་ཆེད་སྤྱོད་སྐུད་ལམ་མཐུད་ཆོག་གི་གླ་རིན་ཆེ་ཆེར་གཅོག་རྒྱུ། རྒྱལ་ནང་གི་ཐག་རིང་ཁ་པར་གཏོང་གླ་གཅོག་རྒྱུ། “དྲ་སྦྲེལ་+”འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་སྤེལ་དང་། གྲངས་གཞིའི་དཔལ་འབྱོར་འཚར་ལོངས་མགྱོགས་པོ་ཡོང་བར་བྱས་ཐོག ཁེ་ལས་ལ་ཕན་ཁེ་ཁྱབ་ཆེ་དང་། མང་ཚོགས་ལ་ཡོངས་ཁྱབ་ངང་ཁེ་ཕན་ཐོབ་པར་བྱེད་རྒྱུ།
         གཉིས། གཞན་ཡུལ་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་རིན་ཐད་ཀར་རྩིས་ཞུ་གཙང་རྩིས་རྒྱག་ཐུབ་པ་བྱེད་རྒྱུ།
        གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ལོ་རེའི་ནང་མི་རེར་སྒོར་420ཡིན་པ་ནས་450བར་མཐོ་རུ་གཏོང་རྒྱུ་དང་། སྒེར་གྱི་འཇལ་སྤྲོད་ཚད་གཞིའང་དུས་གཅིག་ཏུ་མཐོ་རུ་གཏོང་རྒྱུ། སྨན་བཅོས་འགན་སྲུང་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ། རྒྱལ་ཡོངས་སུ་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་དྲ་སྦྲེལ་ཁྱབ་སྤེལ་བྱས་ནས། གཞན་ཡུལ་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་རིན་ཐད་ཀར་རྩིས་སྤྲོད་གཙང་རྩིས་རྒྱག་ཐུབ་པར་བྱེད་རྒྱུ་ཡིན། ནད་གཞི་ཆེ་རིགས་ཀྱི་འགན་སྲུང་འཐུས་སྒོ་ཚང་དུ་བཏང་སྟེ། འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རྣམ་པ་མང་བའི་སྨན་བཅོས་མཉམ་སྡེབ་སྒྲིག་གཞི་འཛུགས་པའི་ཚོད་ལྟ་ཁྱོན་ཡོངས་ནས་བྱེད་འགོ་བརྩམ་རྒྱུ་དང་། གཞུང་བཙུགས་སྨན་ཁང་རིམ་པ་གསུམ་པ་ཚང་མས་ཐེ་ཞུགས་བྱེད་པ་མ་ཟད་སྣེ་ཁྲིད་ཀྱི་ནུས་པའང་བཏོན་ནས། སྨན་བཅོས་ཀྱི་ཐོན་ཁུངས་སྤུས་ལེགས་གོང་འོག་མཐུད་པའི་གདེང་འཇོག་དཔྱད་ཞིབ་དང་བསྔགས་སྐུལ་གྱི་ལམ་སྲོལ་འཛུགས་པར་སྐུལ་སྤེལ་གཏོང་རྒྱུ། གཞི་རིམ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། མང་ཚོགས་ལ་ཐག་ཉེ་སར་སྨན་བཅོས་སྟབས་བདེ་ཡོང་བར་བྱེད་རྒྱུ།
         གསུམ།མཁའ་རླུང་གཙང་མ་སྲུང་བའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་རྒྱུ།
        ད་ལོར་དབྱང་གཉིས་ཟི་རྫས་དང་། ཏཱན་དབྱང་འགྱུར་རྫས་འབུད་ཚད་སོ་སོར་3%ཆག་པར་བྱེད་རྒྱུ་དང་། གཙོ་གནད་ས་ཁུལ་གྱི་ཕྲ་རྡུལ་(PM2.5)གར་ཚད་མངོན་གསལ་ཆག་པར་བྱེད་རྒྱུ་ཡིན། གཅིག་ནས་སོལ་སྲེག་སྦགས་བཙོག་ཀྱི་གནད་དོན་གང་མྱུར་སེལ་རྒྱུ་དང་། གཉིས་ནས་སྦགས་བཙོག་འབྱུང་གཞི་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱ་རྒྱུ། གསུམ་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནས་སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ཕན་འབྲས་ཐོན་པའི་ཁ་གཏད་འཇལ་རྒྱུ་རེད། སྨུག་རྡུལ་འབྱུང་རྐྱེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། ཁ་གཏད་འཇལ་བའི་ཚན་རིག་དང་མཐུན་ཤུགས་དང་གནད་དུ་འཁེལ་ཤུགས་ཆེ་རུ་གཏོང་རྒྱུ། ལྔ་ནས་ཁོར་ཡུག་ཁྲིམས་འཛིན་དང་ལྟ་བཤེར་འགན་འཁྲི་བདའ་འདེད་ནན་པོ་བྱེད་རྒྱུ། ལྐོག་འབུད་དང་། རྫུན་བཟོ་མཁན་ལ་ངེས་པར་རྡུང་རྡེག་ནན་པོར་གཏོང་རྒྱུ་དང་། ནུས་པ་ཞན་པ་དང་། རྒྱ་ཡན་དུ་གཏོང་རིགས་ལ་ངེས་པར་ཁྲིམས་བསྟར་བདའ་འདེད་ནན་པོར་བྱེད་རྒྱུ། མཁའ་རླུང་གི་སྤུས་ཚད་ཇེ་ཞན་དུ་འགྲོ་ཚུལ་ལ་ཁ་གཏད་འཇལ་ཤུགས་མི་འདང་བར་ངེས་པར་དུ་འགན་འཁྲི་བདའ་འདེད་ནན་པོ་བྱེད་རྒྱུ།
         བཞི།སླར་ཡང་གྲོང་གསེབ་ཀྱི་མི་གྲངས་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་རྒྱུ།
         དབུལ་སྐྱོར་གནད་འཁེལ་དང་དབུལ་སྒྲོལ་གནད་སྨིན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ད་ལོར་སླར་ཡང་གྲོང་གསེབ་ཀྱི་མི་གྲངས་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་བ་དང་། མི་ཁྲི་340གནས་སྤོ་དབུལ་སྐྱོར་ཐུབ་པར་བྱེད་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་30%ཡན་མང་དུ་གཏོང་རྒྱུ། དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་། གསར་བརྗེའི་གནས་རྙིང་ཁུལ་གཅིག་སྡུད་ཡུག་སྦྲེལ་གྱི་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་བཅོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ངལ་ནུས་ཕྱིར་གཏོང་། སློབ་གསོ་དང་བདེ་ཐང་གི་དབུལ་སྐྱོར་བཅས་ལ་སྐུལ་མ་གཏོང་བ། གྲོང་ཚོ་དབུལ་པོ་སྤྱི་ཡོངས་ནས་ལེགས་སུ་འགྲོ་བའི་འདུ་འགོད་ལག་བསྟར། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་ཚོགས་ཀྱི་རང་འཕེལ་ནུས་པ་ཆེ་རུ་གཏོང་རྒྱུ། རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་སྡེབ་སྒྲིག་ལ་སྐུལ་མ་བཏང་ནས། མ་དངུལ་དང་རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། དབུལ་སྐྱོར་མཐུན་སྦྱོར་ལམ་སྲོལ་གསར་གཏོད་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་དབུལ་སྐྱོར་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་དང་། དཔྱད་དཔོག་དང་དཔྱད་ཞིབ་ནན་ཤོས་ལག་ལེན་བསྟར་ནས། དབུལ་སྒྲོལ་རྫུས་མ་དང་། “ཨུ་ཚུགས་དབུལ་སྒྲོལ” གྲངས་ཀའི་དབུལ་སྒྲོལ་བཅས་ཞིབ་གཅོད་ནན་པོར་བྱས་ཏེ་དབུལ་སྒྲོལ་མང་ཚོགས་ཀྱིས་ཁས་ལེན་པ་དང་། ལོ་རྒྱུས་ཀྱི་ཉམས་སད་ཐེག་པའི་འགན་ལེན་ཏན་ཏིག་བྱེད་རྒྱུ།
         ལྔ། ཁེ་ལས་ཀྱི་དཔྱ་ཁྲལ་མིན་པའི་ཁུར་པོ་ཇེ་ཡང་དུ་བཏང་ནས“འགན་བཅོལ་ལྔ་དང་གསོག་དངུལ་གཅིག་”གི་གྲོན་བསྡུའི་བསྡུར་ཚད་འོས་འཚམ་ངང་གཅོག་རྒྱུ།
         གྲོན་དངུལ་སྣ་ཚོགས་བསྡུས་པའི་དབང་གིས་ཁེ་ལས་མང་པོའི་ཁུར་པོ་ལྗིད་ཐལ་ཤོར་བས། དཔྱ་ཁྲལ་མ་ཡིན་པའི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་ཡིན། གཅིག་ནས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་ཕྱོགས་ཡོངས་ནས་གཙང་བཤེར་དང་ཚད་ལྡན་བཟོ་བ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་བྱ་གཞག་གི་ཟུར་སྣོན་སོགས་ཀྱི་ཐེབས་རྩ་མེད་པར་བཟོ་བ། ས་གནས་སྲིད་གཞུང་ལ་ཐེབས་རྩ་ཁག་གཅིག་རང་བརྟེན་ངང་རྩ་ཆག་གཏོང་དབང་སྤྲོད་རྒྱུ། གཉིས་ནས་ཀྲུང་དབྱང་གི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱི་བྱ་ལས་རང་བཞིན་གྱི་འགྲོ་གྲོན་ཁག་35མེད་པར་བཟོ་བའམ་བསྡུ་མཚམས་འཇོག་པ་དང་། འགྲོ་གྲོན་བསྡུ་བའི་རྣམ་གྲངས་ཕྱེད་ཀ་ཡན་ཉུང་དུ་གཏོང་བ། རྣམ་གྲངས་སོར་འཇོག་བྱས་རིགས་ལ་འགྲོ་གྲོན་བསྡུ་བའི་ཚད་གཞི་གཅོག་གང་ཐུབ་བྱ་རྒྱུ། གསུམ་ནས་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་རང་བཞིན་གྱི་འགྲོ་གྲོན་བསྡུ་ཚད་ཉུང་དུ་གཏོང་བ་དང་། སྲིད་འཛིན་ཞིབ་མཆན་འགོད་སྐབས་མཚམས་སྦྱོར་ཞབས་ཞུས་སྒྲིག་འགལ་ངང་ནས་འགྲོ་གྲོན་བསྡུ་རིགས་གཙང་སེལ་དང་། དངུལ་རྩ་དང་ལྕགས་ལམ་ཟོག་འདྲེན་སོགས་ཀྱི་ཁྱབ་ཁོངས་སུ་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་རང་བཞིན་གྱི་འགྲོ་གྲོན་བསྡུ་ཚད་གཅོག་པར་སྐུལ་འདེད་གཏོང་བ། བཞི་ནས“འགན་བཅོལ་ལྔ་དང་གསོག་དངུལ་གཅིག”དང་འབྲེལ་བ་ཡོད་པའི་རིན་བསྡུའི་བསྡུར་ཚད་མུ་མཐུད་འོས་འཚམ་ངང་གཅོག་རྒྱུ། ལྔ་ནས་སྒྱུར་བཅོས་ཟབ་གཏོང་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བར་བརྟེན་ནས། ཁེ་ལས་ཀྱི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་གཅོག་པ་དང་། ནུས་སྤྱོད་དང་། དངོས་ཟོག་འགྲེམས་སྐྱེལ་སོགས་པའི་མ་གནས་གཅོག་རྒྱུ།
         དྲུག རྒན་ཡོལ་ཞུས་མིའི་མ་མཐའི་རྒན་གསོའི་དངུལ་མུ་མཐུད་མང་དུ་གཏོང་རྒྱུ། 
         དུས་ཐོག་ཏུ་འདང་ངེས་སྤྲོད་པའི་འགན་ལེན་བྱེད་རྒྱུ་ཡིན། གཟིགས་སྐྱོང་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ་ཚད་གཞི་བརྟན་པོའི་ངང་ནས་མཐོ་རུ་གཏོང་རྒྱུ་དང་། སྐབས་འཕྲལ་རོགས་སྐྱོབ་ལམ་ལུགས་ལག་བསྟར་བྱེད་རྒྱུ། རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་ལམ་སྲོལ་འཐུས་ཚང་ལེགས་སྒྲིག་བྱས་ཏེ། ན་ནིང་གི་ཆུ་ལོག་གནོད་འཚེའི་ཁྲོད་ཞིག་སྐྱོན་བྱུང་བའི་སྒེར་ཁང་ཆ་ཚང་སླར་གསོ་བསྐྱར་སྐྲུན་ཡོང་བ་བྱེད་རྒྱུ་ཡིན། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་བྱམས་སྐྱོང་སྲུང་སྐྱོང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་གནས་སུ་གྱར་བའི་བྱིས་པར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒན་རྒོན་རྟེན་མེད་ཁེར་ལུས་ལ་སེམས་ཁུར་དང་རོགས་རམ་བྱེད་རྒྱུ་དང་། དབང་པོ་སྐྱོན་ཅན་ལ“ཁ་གསབ་ཁག་གཉིས”ཀྱི་ལམ་ལུགས་ཕྱོཌ་ཡོངས་ནས་ལག་ལེན་བསྟར་རྒྱུ། ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་གནད་དོན་ཐག་གཅོད་ཡག་པོར་བྱས་ཏེ། ཁོང་ཚོས་དཀའ་སྤྱད་ལས་ལ་བརྩོན་པར་འབྲས་བུ་མི་རག་པ་གཏན་ནས་བྱེད་དུ་བཅུག་མི་ཆོག
         བདུན།དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ།
         “གཉིས་གཏོད”ནི་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་བྱེད་ཐབས་ཕན་ནུས་ལྡན་པ་ཞིག་ཡིན་པ་དང་། འགུལ་ནུས་གསར་རྙིང་བརྗེ་སྒྱུར་དང་དཔལ་འབྱོར་གྲུབ་ཚུལ་གྱི་རིམ་པ་སྤོར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ། གོ་སྐབས་འདྲ་མཉམ་ཡོང་བར་བྱེད་པ་དང་སྤྱི་ཚོགས་དཀྱུས་སུ་འཁོར་རྒྱུག་བྱེད་པའི་འགྲོ་ལམ་དངོས་ཡིན་པས། རྒྱུན་མ་ཆད་པར་ཁྲིད་སྟོན་གཏིང་ཟབ་བྱེད་རྒྱུ་ཡིན། “གཉིས་གཏོད”དཔེ་སྟོན་རྟེན་གཞི་ཁག་གཅིག་གསར་སྐྲུན་བྱས་ཏེ། ཁེ་ལས་ཆེན་པོ་དང་། ཚན་རིག་ཞིབ་འཇུག་ཁང་། སློབ་ཆེན་བཅས་ཀྱིས་ཆེད་ལས་ཅན་གྱི་མང་འདུས་གསར་གཏོད་ཀྱི་བར་མཐོངས་འཛུགས་པར་སྐུལ་མ་གཏོང་ཞིང་། གསར་གཏོད་ཅན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཀྱི“གཉིས་གཏོད”ལ་ཕྱོགས་པའི་གོ་རིམ་ཧྲིལ་པོའི་ཞབས་ཞུའི་མ་ལག་བཏོད་དེ། བྱེད་པོ་རིགས་ཁག་གིས་རང་རང་གི་འཇོན་ཐང་འདོན་པ་དང་། དྲ་ཐོག་དྲ་མིན་མཉམ་འགུལ་བྱེད་རེས་ཡག་པོ་བྱས་ཏེ། ཁེ་ལས་ཆུང་ངུ་གང་སར་ཁེབས་པ་དང་། ཁེ་ལས་ཆེ་རིགས་ས་གནོན་གནམ་ཐེག་ཏུ་འགྱུར་བར་བྱས་ཏེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་བྱེད་ནུས་འགྲན་པའི་ཚུལ་གྱིས་འདོན་སྤེལ་བྱེད་རྒྱུ།

【1】  【2】