མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཅས་ཁག་སོ་སོར་
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་འཐུས་མི་ཚོགས་པ་
ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཅས་ཁག་སོ་སོར་
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་འཐུས་མི་ཚོགས་པ་
ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཆི་ཧྲན་བཅས་ཚེས་7ཉིན་གྱི་སྔ་དྲོ་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ་རེད།
          ཞི་ཅིན་ཕིང་ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། ཚོགས་འདུའི་ཐོག་ལི་ཤིས་དང་། ཁྲེན་ཆིའུ་ཧྥ། ཐང་ཕུའུ་ཕིང་། ཞུས་ཆང་། ཁྲེན་ཤིའུ་གཡན། ཝང་ཤའོ་ཅིའུ། ཕེང་ཡུས་ཕིང་སོགས་འཐུས་མི་7གྱིས་སྔ་རྗེས་སུ་ལེའོ་ཉིང་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ། གྲོང་གསེབ་ཀྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། ཕུལ་བྱུང་དང་སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་གླེང་བ་རེད། ཞི་ཅིན་ཕིང་གིས་ནན་ཏན་ངང་གསན་བཞིན་ཟིན་བྲིས་བསྐྱོན་པ་དང་འབྲེལ་ཚང་མ་དང་སྤེལ་རེས་ཀྱང་གནང་བ་དང་། མཇུག་ཏུ་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་ལེའོ་ཉིང་གི་ལས་དོན་ལ་ཁས་ལེན་གནང་རྗེས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བྱང་ཤར་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱས་ནས་འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་དགོས་ཞེས་མཛུབ་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་རྒྱུ་ནི་ལེའོ་ཉིང་དར་རྒྱས་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། འགལ་ཟླ་གཙོ་བོ་དམ་འཛིན་བྱེད་པ་དང་ལས་དོན་སྒྲུབ་ཕྱོགས་གཙོ་བོ་ཁ་གསལ་བཟོས་ནས་ལེའོ་ཉིང་གི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་འཕེལ་རྒྱས་གསར་པ་ཡོང་བ་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་ལེའོ་ཉིང་གི་བཟོ་ལས་འཕེལ་རྒྱས་བཏང་ཐོག་ལེའོ་ཉིང་བཟོ་ལས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་སླར་ཡང་གཏོད་དགོས།
         དཔལ་འབྱོར་འཕེལ་རྒྱས་དུས་གང་ཞིག་ཏུ་སླེབས་རུང་དངོས་ཚན་དཔལ་འབྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རྒྱལ་སྤྱིའི་དཔལ་འབྱོར་འགྲན་རྩོད་ཁྲོད་རང་འགུལ་དབང་ཆ་ཐོབ་ཐབས་བྱེད་པའི་རྩ་བ་ཞིག་རེད། ལེའོ་ཉིང་བཟོ་ལས་རྟེན་གཞི་རྙིང་པ་ནི་དངོས་ཚན་དཔལ་འབྱོར་ལ་བརྟེན་ནས་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་པས་རེས་སྐོར་གསར་པའི་དར་རྒྱས་འཕེལ་རྒྱས་ཐད་ལའང་དངོས་ཚན་དཔལ་འབྱོར་ལ་བརྟེན་དགོས་ཀྱི་ཡོད། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་གཙོ་གནད་ཐོག་དམ་འཛིན་བྱས་ནས་རྒྱུན་མཐུད་འགྲན་རྩོད་ནུས་པ་དང་འདེགས་སྐྱོར་ནུས་པ་ལྡན་པའི་བཟོ་ལས་ཀྱི་མ་ལག་ཆགས་པ་བྱས་ཏེ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་དུས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་དང་སྲོལ་རྒྱུན་ཞབས་ཞུའི་ལས་རིགས་ཕན་ཚུན་སྐུལ་འདེད་ཐུབ་པ། ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་གཏིང་ཟབ་ཐུབ་པ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཐུབ་པ་བཅས་ཀྱི་གྲུབ་ཆའི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་དེ་ཉིད་ལེའོ་ཉིང་འཕེལ་རྒྱས་གཏོང་བའི“སྣེ་འདྲེན”དུ་བརྩིས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བ་དང་། ལྟེ་བའི་འགྲན་རྩོད་ནུས་པ་སྐྱེད་སྲིང་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྔོན་སྐྱོད་དམག་བརྩོན་ལེན་བྱེད་པ་བཅས་བྱས་ནས་གསར་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་ནུས་པ་ཅུང་ཆེན་པོ་ལྡན་པའི་ཁེ་ལས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་གང་མགྱོགས་གསོ་སྐྱོང་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་མ་རྩ་བཀོད་སྒྲིག་ལེགས་སུ་བཏང་ནས་གཞུང་ཁོངས་མ་རྩའི་རིན་ཐང་བརྟན་སྲུང་དང་གནས་འཕར་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཞུང་ཁོངས་མ་རྩ་དེ་ཉིད་བར་སིམ་དང་ཉེན་ཁ་ཚབས་ཆེན་གྱི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱེད་གཞིར་བྱས་ཏེ་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ས་གནས་ཤིག་གིས་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་བརྟན་ལྷིང་གོ་རིམ་ལྡན་པ་ཡོང་བ་བྱེད་པར་ངེས་པར་དུ་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ལྡན་དགོས། ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་མ་བྱུང་ཚེ་ཁེ་དབང་ལ་རྔམ་པ་དང་། ངོ་ལྐོག་གཡོ་ལྷད། ཕྱོགས་སྒྲིག་སྒེར་གཉེར། ཁྱུ་ཤོག་སྒྲིག་པ། ངན་པ་ཤོག་སྒྲིག་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐོན་ནས་ཏང་གི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞིར་བསླད་སྐྱོན་གཏོང་གི་ཡོད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་ཏུ་གཏོང་བ་དང་། མི་འདེམས་མི་སྤྱོད་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་མཁན་དང་། མི་དྲང་པོ་དྲང་གཞག་བྱེད་མཁན། བྱ་བ་གཙང་མ་སྒྲུབ་མཁན་བཅས་ཀྱི་ལས་བྱེད་པ་གདམ་གསེས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཆགས་པ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚང་མས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། མང་ཚོགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་རྩ་བ་ཚུགས་པའི་ཁྱད་ཆོས་འདོན་སྤེལ་བྱེད་པ་དང་། འབྲེལ་འདྲིས་བྱེད་པ་དང་། དམངས་ཀྱི་གནས་ཚུལ་རྟོག་ཞིབ་བྱེད་པ། དམངས་ཀྱི་བློ་གྲོས་གཅིག་ཏུ་འདུས་པ་བཅས་བྱས་ཐོག་དམངས་ཀྱི་རེ་འདུན་ལ་ལན་གསལ་པོ་འདེབས་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ལི་ཁེ་ཆང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། ཝུའུ་དབྱིང་ཅེ་དང་། བྱམས་པ་ཕུན་ཚོགས། བློ་བཟང་རྒྱལ་མཚན་སོགས་འཐུས་མིས་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ལ་དམིགས་ནས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། ལི་ཁེ་ཆང་གིས་ཚང་མ་དང་ལྷན་དུ་སྤེལ་རེས་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་བོད་ལ་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ཡོད། འདི་ལོ་མུ་མཐུད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་སྤྱི་འདོམས་འཆར་འགོད་ཀྱིས་བོད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་དང་བརྟན་ལྷིང་གཅིག་རམ་གཅིག་འདེགས་ཐུབ་པ་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་གཙོ་གནད་མངོན་པ་བྱས་ཏེ་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་སློབ་གསོ་དང་། སྨན་བཅོས། དྲོད་རླངས་མཁོ་འདོན་འདུ་འགོད་སོགས་ལ་དམིགས་ཏེ་དམངས་འཚོའི་ཁྱབ་ཁོངས་ཀྱི“ཞན་ཆ”གསབ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། སྣོད་བཅུད་སྲུང་སྐྱོང་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། མི་རིགས་གསོ་རིག་སྨན་བཅོས་སོགས་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྒྱལ་ཁབ་ཀྱིས་འགྲིམ་འགྲུལ་དང་གློག་དྲའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒྱུར་གྲངས་ཀྱི་ཕན་ནུས་འདོན་སྤེལ་བྱེད་དགོས། “གཞན་བརྟེན”དང་“རང་བརྟེན”ཟུང་འབྲེལ་དམ་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་མི་རིགས་ཁག་ཞི་མཐུན་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བཅས་བྱས་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་ཐའེ་དབན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། ལིའུ་ཡུན་ཧྲན་ཀོང་ཏུང་འཐུས་མི་ཚོགས་གྲོས་ཞིབ་ནང་ཞུགས་པ། ཝང་ཆི་ཧྲན་ཧུའུ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།