མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་དང་གཟེངས་བསྟོད་བྱེད་པའི་
ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་འཐུས་མིར་མཇལ་འཕྲད་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་གཡོད་གཡོད་ཀྱིས་གསུང་བཤད་གནང་བ་རེད།
     ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག་10དང་། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ་300 རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་ཚོགས་པ་200 རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པ་110 རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ངལ་རྩོལ་དཔེ་བཟང་17 རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པ་58བཅས་ལ་གཟེངས་བསྟོད་བྱས་པ་རེད། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་གི་འཐུས་མི་ཝང་ཧྲུའུ་ཧྥང་དང་ཀའོ་ཧྲུའུ་ཀྲེན་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ངལ་རྩོལ་དཔེ་བཟང་གི་འཐུས་མི་ཕེང་ཆིའུ་ཧྭ་བཅས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
     ཧྲེན་གཡོད་གཡོད་ཀྱིས་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྣ་དང་སྔོན་ཐོན་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་རེ་བར། རྒྱ་ཆེའི་བུད་མེད་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་རྒྱང་སྐྱོད་ལམ་བུའི་ཐོག་བུད་མེད་ཀྱི་ཉམས་འགྱུར་མངོན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”ནང་ཧུར་ཐག་ཞུགས་ནས་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ། ཁྱིམ་ཚང་དང་། ཁྱིམ་ཚང་གི་སློབ་གསོ། ཁྱིམ་ཚང་གི་ཀུན་སྤྱོད་བཅས་ལ་མཐོང་ཆེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་གི་ཡ་རབས་ཀྱི་གོམས་སྲོལ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་ཐུན་མིན་གྱི་ནུས་པ་འདོན་སྤེལ་བཅས་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་རིམ་ཁག་བུད་མེད་མཉམ་འབྲེལ་རྩ་འཛུགས་ལ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བསམ་བློར་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཡོངས་དང་བུད་མེད་ལ་ཞབས་འདེགས་ཞུ་བ། ཁྱིམ་ཚང་གི་ཡ་རབས་གཏོད་རྒྱུར་མཐོང་ཆེན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ལ་དམ་འཛིན་བཅས་བྱས་ཏེ་གྲུབ་འབྲས་ཕུལ་བྱུང་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།