མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་འགའ་
ཞིག་གི་གྲོས་ཞིབ་ནང་སོ་སོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་འགའ་
ཞིག་གི་གྲོས་ཞིབ་ནང་སོ་སོར་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་8ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མི་ཚོགས་པ་འགའ་ཞིག་གི་གྲོས་ཞིབ་ནང་སོ་སོར་ཞུགས་པ་རེད།
         “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་སྐབས་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཟོལ་མེད་ཀྱི་སྨོན་འདུན་ཡང་ཞུས་གནང་བ་རེད།
        ཞི་ཅིན་ཕིང་སི་ཁྲོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་ཝང་ཏུང་མིང་དང་། ལུའོ་ཡུན་ལན། ཐང་ལེང་ཀྲེ། རྒྱལ་བསྟན་ལྷོ་རོང་བྱམས་པ། ལིན་ཧྲུའུ་ཁྲེང་། ཏི་ཕུའུ་ནུང་བཅས་འཐུས་མི་དྲུག་གིས་སྔ་རྗེས་སུ་སི་ཁྲོན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་དང་། གེགས་རྗེས་བསྐྱར་སྐྲུན་ལ་ཤུགས་སྣོན། རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལས་དོན་ལེགས་སྤེལ། དབྱིས་རིགས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལེགས་རྒྱག དམངས་གཉེར་ཁེ་ལས་དབུལ་སྒྲོལ་འགག་སྒྲོལ་ནང་ཐེ་ཞུགས་སོགས་ཀྱི་གནད་དོན་ལ་དམིགས་ཏེ་བསམ་འཆར་གང་ཡོད་ལྷུག་པོར་གསུངས་པ་རེད། ཞི་ཅིན་ཕིང་གིས་ནན་ཏན་ངང་གསན་ཞོར་དུ་ཟིན་བྲིས་བསྐྱོན་པ་དང་། གནས་ཚུལ་བཀའ་འདྲི་ཡང་ཡང་གནང་བ། ཚང་མ་དང་གྲོས་བསྡུར་ཡང་ཡང་གནང་བ་མ་ཟད། མཇུག་ཏུ་ད་དུང་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གནང་རྗེས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ། གསར་གཏོད་གསར་སྤེལ་གྱི་ལས་དོན་ཏན་ཏིག་སྤེལ་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་པ་བཅས་བྱེད་དགོས་པ་དང་བརྟན་པོའི་ངང་འཕེལ་རྒྱས་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་སྤྱི་འདོམས་ཀྱིས་ལེགས་པར་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཞིང་ལས་ལ་སྣང་ཆེན་དང་ཞིང་ལས་ཞེས་པའི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་སྔར་ནས་ད་བར་མི་དམངས་བདེ་ལ་འཁོད་པའི་འགག་རྩ་ཞིག་ཡིན། རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་ཤིང་། ཞིང་ལས་ཀྱི་འགལ་ཟླ་གཙོ་བོ་དེ་སྤྱི་འབོར་མི་འདང་བ་ནས་གྲུབ་ཆའི་རང་བཞིན་གྱི་འགལ་ཟླར་གྱུར་པ་དང་། འགལ་ཟླ་གཙོ་བོ་མཁོ་སྤྲོད་ཕྱོགས་ཡིན་པས་ངེས་པར་དུ་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་པོ་བྱས་ནས་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས། ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམ་འཛིན་བྱེད་དགོས་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྣང་ཆེན་བྱེད་དགོས་པ། ལྗང་མདོག་དང་། སྐྱེ་ལྡན། སྤྱི་གནོད་མེད་པ་བཅས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་དགོས་པ། ཐོན་སྐྱེད་ཚང་མའི་ལས་ཕྱོད་ཆེ་རུ་གཏོང་དགོས་པ། ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་བཟང་སྒྲིག་བྱེད་དགོས་པ། ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས་ཀྱི་ཕྱོགས་བསྡུས་ནུས་པ་ཐོན་པར་བྱེད་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་འགྲོ་ཚུལ་གཅིག་མཚུངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། ད་དུང་ཞིང་ལས་ལ་དགའ་བ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་མཁས་པ་བཅས་ཀྱི་ལས་རིགས་ཞིང་པ་དཔེ་གསར་སྔར་བས་མང་པོ་ས་གནས་དེ་རང་དུ་གསོ་སྐྱོང་ཡང་བྱེད་དགོས་ཞེས་བསྟན་གནང་བ་རེད། ཞི་ཅིན་ཕིང་གིས་2020ལོར་སླེབས་སྐབས་ད་ཡོད་ཀྱི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དང་དབུལ་པོའི་རྫོང་ཚང་མའི་དབུལ་ཞྭ་ཕུད་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གིས་བླངས་པའི་དམག་བཀའ་ཁུར་ལེན་ཞུ་ཡིག་ཅིག་རེད། དབུལ་སྒྲོལ་འགག་སྒྲོལ་ཇི་ཙམ་གྱིས་ནར་འགྱངས་བྱས་ན་དཀའ་གནད་ཇི་ཙམ་གྱི་ཇེ་ཆེར་འགྲོ་རྒྱུ་ཡིན་པས་འགན་འཁྲི་ནན་འཁུར་དང་། གནད་སྨིན་ཇུས་འདོན། ལས་དོན་ཞིབ་ཚགས་སྒྲུབ་པ་བཅས་དེ་བས་ཀྱང་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་མུ་མཐུད་འདེམས་གཏོང་ཚགས་ཚུད་པོ་དང་། ཞིང་ལས་དང་འབྲེལ་བའི་མ་དངུལ་བསྡུ་སྒྲིལ། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་སློང་དང་རོགས་སྐྱོར་བྱེད་ཐབས་ལེགས་བཅོས་བཅས་བྱེད་དགོས་པ་དང་། སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། ཇི་ལྟར་བྱས་ནས་རོགས་སྐྱོར་བྱེད་པ། ཇི་ལྟར་བྱས་ནས་ཕྱིར་འཐེན་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་གནད་སྨིན་ཡོང་བ་བྱེད་དགོས་པ། ལ་ལར་དེ་བས་གནད་འཁེལ་ཞིབ་ཚགས་ཡོང་བ་བྱེད་དགོས་ཀྱི་ཡོད། དབུལ་པོ་བསྐྱར་ལོག་ལ་འགོག་ཟོན་དང་མུ་མཐུད་འགག་སྒྲོལ་བྱ་རྒྱུ་གལ་ཆེ་མཉམ་ཡིན། དབུལ་ཞྭ་ཕུད་ཟིན་པའི་རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། དུད་ཚང་དབུལ་པོ་བཅས་ཀྱིས་མུ་མཐུད་རང་བརྟེན་གྱི་ནུས་པ་སྲ་བརྟན་དང་ཆེ་རུ་བཏང་སྟེ་བརྟན་ལྷིང་དབུལ་སྒྲོལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྐྱོར་ལས་དོན་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་རྒྱུ་ནི་རྒྱུན་སྲིང་རང་བཞིན་གྱི་ལས་དོན་ཞིག་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་པ་དང“འདུ་ཤེས་བཞི”བརྟན་པོ་འཛུགས་དགོས་པའི་སློབ་གསོ་གཏོང་དགོས་པ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་སྲུང་། དར་ཆ་གསལ་སྟོན་གྱི་སྒོ་ནས་བདེན་པ་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བཅས་བྱེད་དགོས་པ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་《ཚད་གཞི་》དང་《སྲོལ་ཡིག་》ལག་བསྟར་བྱེད་པ་དང་། དབང་ཆ་སྤྱོད་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། སྤྱོད་གཙང་གི“ཉེན་ཐག”ཡག་པོ་འཆིང་བ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བ་བཅས་བྱས་ནས་རང་རྟོགས་ངང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་ཆེད་འགན་འཁྲི་གཙང་སྒྲུབ་དང་རང་ནུས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། ཀྲང་ཏེ་ཅང་ཧེ་ལུང་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། ཡུས་ཀྲེང་ཧྲེང་མཚོ་ལྷོ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། ལིའུ་ཡུན་ཧྲན་ཧྲན་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། ཀྲང་ཀའོ་ལི་ཧོ་པེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།