མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲངས་ཉུང་མི་རིགས་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་
འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲངས་ཉུང་མི་རིགས་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་
འདུ་པེ་ཅིང་དུ་འཚོགས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་དུང་ཟབ། ཡིད་སེམས་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ཕུགས་འདུན་བསྐྲུན། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོ་རྣམས་དང་དགའ་སྤྲོའི་ངང་འཛོམས་ཏེ་མཉམ་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ་བ་དང་། མཉམ་དུ་རླབས་ཆེན་གྱི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་ཡོང་བའི་སྨོན་འདུན་ཞུ་བ་མ་ཟད། མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གྲོས་མོལ་ཡང་གནང་བ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གྱུར་པའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། གྲངས་ཉུང་མི་རིགས་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མི་རིགས་ས་ཁུལ་དུ་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་བར་ཐེངས་མང་ཕེབས་ཏེ་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སྐྱིད་སྡུག་ལ་ཞིབ་དཔྱད་གནང་ནས་མི་རིགས་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག མི་རིགས་ས་ཁུལ་གྱིས་གོ་སྐབས་དམ་འཛིན་དང་། བསྒྱུར་བཅོས་ཟབ་སྤེལ་། གསར་གཏོད་ལ་སྐུལ་འདེད། འགྲན་རྩོད་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ་བསྒྱུར་བཅོས་དང་འཕེལ་རྒྱས་ཐད་གོམ་པ་གསར་པ་སྤོས་ཏེ་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད།