མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་
ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་
ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་
ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་
ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་ཁག་སོ་སོར་ཚེས་10ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ་རེད།
         ཞི་ཅིན་ཕིང་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་ཁྲེན་ཆོན་གོ་དང་། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། སུན་ཅིན་ལུང་། ཧྲེ་ཅན་ཡུང་། ཨ་པུ་ཏུའུ་ར་ཁེ་ཕུའུ·ཐུའུ་མུ་ཉི་ཡ་ཙེ། མའེ་མའེ་ཐི་དབྱི་པུ་ར་དབྱི་མུའུ·མའེ་མའེ་ཐི་མིང་། ཕུའུ་ཁྲུན་ལི། ར་ཧན་ཀུའུ་ལི·དབྱི་སྨིར་སོགས་བློ་མཐུན་བརྒྱད་ཀྱིས་སྔ་རྗེས་སུ་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱ་རྒྱུ་དང་། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། པིང་ཐོན་གྱི་སྒྱུར་བཅོས་འཕེལ་རྒྱས་ཟབ་ཏུ་གཏོང་རྒྱུ། རྒྱལ་གཅེས་ཆོས་ལུགས་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། ལས་ཀའི་སྤྱོད་ཚུལ་སྒྱུར་རྒྱུ། དོན་དངོས་དང་བྱ་བ་བཟང་པོ་སྒྲུབ་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་ནན་ཏན་ངང་གསན་པ་དང་ཟིན་ཐོ་བཀོད་པའི་ཐོག་སྐབས་འགར་དྲི་བ་བཏོན་གནང་བ་དང་འབྲེལ་ཚང་མ་དང་དགོངས་འཆར་བརྗེ་རེས་གནང་ཞིང་། མཇུག་ཏུ་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་ཤིན་ཅང་ལས་དོན་ལ་གདེང་འཇོག་གནང་རྗེས། ཤིན་ཅང་ནི་རང་རྒྱལ་ནུབ་བྱང་གི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། འཐབ་ཇུས་ཀྱི་གནས་བབ་དམིགས་བསལ་ལྡན་ལ་འཕྲད་པའི་གནད་དོན་ཡང་དམིགས་བསལ་ཡིན་པར་བརྟེན་ཤིན་ཅང་གི་ལས་དོན་ཡག་པོ་སྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཤིན་ཅང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུར་ཁྲིད་སྟོན་དུ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་རྨང་གཞིར་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་གཙོ་གནད་དུ་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཏན་ཏིག ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་བཅོས། རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་བརྟན་དུ་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་ཞི་མཐུན་དང་། གྲ་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས་བྱ་རྒྱུ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། དམ་འཛིན་ཡག་པོ་བཅས་ལ་གཞི་ཚུགས་ཏེ་ཕུགས་ཕན་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། ཡུན་རིང་བརྟན་ལྷིང་གི་དུས་བབ་བསྐྲུན་པ། ཡུན་རིང་བཅོས་སྐྱོང་གི་བྱ་གཞག་གཏོད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ལྟེ་བར་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། “མཐོ་བ་གསུམ”གྱི་རྣམ་གྲངས་ཤིན་ཅང་དུ་སྤེལ་རྒྱུ་གཏན་འགོག་ནན་པོ་བྱེད་པ། སྦགས་བཙོག་འགོག་བཅོས་དང་བྱེ་འགོག་བྱེ་བཅོས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རི་བོ་སྔོ་ལ་ཆུ་མོ་དྭངས་བའི་མཛེས་སྡུག་ལྡན་པའི་ཤིན་ཅང་ཧུར་ཐག་བསྐྲུན་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་མཐའ་མཚམས་བརྟན་ལྷིང་དང་མཐའ་མཚམས་བདེ་འཇགས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་དང་བསྟུན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་དམ་པོར་དམིགས་ཏེ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཐུབ་པའི་ལས་དོན་མང་ཙམ་སྒྲུབ་པ་དང་། དམངས་འཚོར་ཕན་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཚོས་དོ་ཁུར་བྱེད་པའི་གནད་དོན་མང་ཙམ་ཐག་གཅོད་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས། ཕྱོགས་ཡོངས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དོན་འཁྱོལ་བྱས་ཏེ་ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དབུལ་པོ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོར་བརྩིས་ནས་གྲོང་གསེབ་ཀྱི་བདེ་སྡོད་དང་སྐྱས་སྤོས་འབྲོག་པའི་གཞི་ཆགས་ལས་གྲྭ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་ཡག་པོ་བྱེད་པ་དང་ཞིང་འབྲོག་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ་གཅིག་རེད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་འབད་འཐབ་ཀྱི་ལོ་རྒྱུས་ཤིག་ཡིན། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཞིག་དང་ཤིན་ཅང་འཕེལ་རྒྱས་ཡར་ཐོན་ཡོང་བའི་རྩ་བའི་རྨང་རྡོ་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་ཐུན་མོང་གི་འདུན་པ་ཡང་ཡིན། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་དམངས་སྲིད་དབར་གྱི་མཐུན་སྒྲིལ་དང་། དམངས་དམག་དབར་གྱི་མཐུན་སྒྲིལ། ཉེན་རྟོག་པ་དང་མང་ཚོགས་དབར་གྱི་མཐུན་སྒྲིལ། དམག་དཔུང་དང་ས་གནས་དབར་གྱི་མཐུན་སྒྲིལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མི་དམངས་ཚོས་ཐུན་མོང་ཐོག་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ངར་ལྕགས་ཀྱི་ལྕགས་རི་རིང་པོ་ཞིག་བསྐྲུན་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཆེ་རུ་འགྲོ་རྒྱུར་ཁྲིད་སྟོན་བྱས་ཏེ། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་སེ་འབྲུའི་འབྲུ་གུ་བཞིན་རྡོག་གཅིག་ཏུ་སྒྲིལ་དགོས། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”དང་མི་རིགས་མཐུན་སྒྲིལ་གྱི་མཐུན་འབྲེལ་ལྷན་ཚོགས་བྱེད་སྒོ་མུ་མཐུད་སྤེལ་ནས་མི་རིགས་མཐུན་སྒྲིལ་དེ་རྒྱུན་གཏན་འཚོ་བ་དང་ལས་ཀའི་ཁྲོད་དོན་འཁྱོལ་བྱེད་པ་དང་སློབ་གྲྭའི་སློབ་གསོ་དང་། ཁྱིམ་ཚང་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཀྱི་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་མཚར་སྡུག་ལྡན་པ་ཞིག་བཞད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་པིང་ཐོན་ནི་ཤིན་ཅང་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ཁག་གཟབ་ནན་ངང་དོན་འཁྱོལ་བྱས་ཏེ་པིང་ཐོན་གྱི་དམིགས་བསལ་ལེགས་ཆ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ལི་ཁེ་ཆང་ཨན་ཧུའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། ཀྲང་ཏེ་ཅང་ཉིང་ཞའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། ལིའུ་ཡུན་ཧྲན་ཅི་ལིན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། ཝང་ཆི་ཧྲན་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། ཀྲང་ཀའོ་ལི་ཕུའུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་བཅས་རེད།