མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་
འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་
འདུ་པེ་ཅིང་དུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན་གྱི་དགོང་མོ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་འཆམ། ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་ཏུ་སྒྲུབ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཕེབས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོ་དང་མཉམ་འཛོམས་གནང་སྟེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོགས་པར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་དང་། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་བཀྲ་ཤིས་སྨོན་འདུན་ཐུན་མོང་ཐོག་ཞུས་པ། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གླེང་བ་རེད།
       ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་དེ་བཞིན་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་དོ་ཁུར་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་རིགས་ས་ཁུལ་དུ་བརྟག་ཞིབ་གནང་བར་ཐེངས་མང་ཕེབས་ཏེ་གྲངས་ཉུང་མི་རིགས་ཀྱི་བདེ་སྡུག་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་མི་རིགས་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་ཀྱང་གནང་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་རིགས་ས་ཁུལ་གྱིས་གོ་སྐབས་དམ་པོར་བཟུང་བ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་སྐུལ་འདེད་གཏོང་བ། འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐོག་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་ཡོད་ལ་གྲུབ་འབྲས་གསར་པའང་ཐོབ་ཡོད།
         གློག་འོད་རབ་ཏུ་འཕྲོ་བའི་མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཁང་དུ་དགའ་སྟོན་རྟེན་འབྲེལ་ཞུ་བའི་དགོད་སྒྲས་ཁེངས་ཤིང་། ཆུ་ཚོད་བཅུ་དགུ་དང་སྐར་མ་ཞེ་ལྔ་ལ་བག་ཕེབས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་རར་འཛུལ་ཕེབས་སྐབས་ཚོགས་ར་ཡོངས་ནས་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། ཞི་ཅིན་ཕིང་སོགས་ཀྱིས་འཛུམ་དམུལ་དམུལ་ངང་མི་རིགས་ཀྱི་གྱོན་ཆས་སྤྲས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་ཕན་ཚུན་འཚམས་འདྲི་ཞུས་གནང་བ་རེད།
       “སྤྱི་ཁྱབ་ཧྲུའུ་ཅི་ལགས་སྐུ་ཁམས་བཟང”ཞི་ཅིན་ཕིང་གི་གམ་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ཞི་ཅིན་ཕིང་ལ་ཁམས་བདེ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཁོང་ལ་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་རེད། སྐལ་བཟང་སྒྲོལ་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་དར་དམར་གྲོང་ཚོ་ནི་སྔོན་མ་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་རུང་ད་ཆ་སློབ་གྲྭར་སྐྱོད་པར་སློབ་ཡོན་མི་དགོས་པ་དང་། གྲོང་ཚོ་ནས་དོན་མི་དགོས་པར་ནད་གཞི་སྨན་བཅོས་ཐུབ་པ། རྒན་གསོ་མ་ཐུབ་པའི་སེམས་ཁྲལ་མེད་པ། སྡོད་ཁང་གི་ཆ་རྐྱེན་གྲོང་ཁྱེར་དང་འདྲ་བ་བཅས་ཡོད་པས་ཚང་མར་དུས་རབས་ཡག་པོ་ཞིག་ཏུ་སླེབས་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅེས་ཞུས་པ་རེད། གནས་ཚུལ་དེ་དག་ཐོས་རྗེས་ཞི་ཅིན་ཕིང་ཐུགས་ཧ་ཅང་སྤྲོ་པོ་བྱུང་ཞིང་། ཁོང་གིས་སྐལ་བཟང་སྒྲོལ་དཀར་ལ་ཡུལ་མི་ཚོར་འཚམས་འདྲི་ཞུ་རོགས་ཞེས་གསུངས་པ་དང་འབྲེལ་ཚང་མའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་རྒྱུའི་སྨོན་འདུན་ཡང་ཞུས་པ་རེད། འཐུས་མི་མའེ་མའེ་ཐི་དབྱི་པུའུ་རེ་དབྱི་མུའུ·མའེ་མའེ་ཐི་མིང་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཚེ་ལེ་རྫོང་ཚེ་ལེ་ཤང་པཱ་ཤེ་ཡུས་ཅེ་མའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་་ཀྲུའུ་རེན་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྣོད་བཅུད་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་སོགས་ཐད་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁོང་ལ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཚང་མའི་སྣེ་འཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་འབྱོར་འབྲིང་ལམ་དུ་སྐྱོད་དགོས་ཞེས་བཀའ་མངགས་གནང་བ་རེད།
        ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྱིས་ཀྱང་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོ་དང་མཛའ་བརྩེའི་ངང་བཀའ་མོལ་གནང་ཞིང་། ཚང་མར་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ་འགན་འཁྲི་ནན་ཏན་ངང་ཁུར་ནས་ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་དང་། འཕེལ་རྒྱས་དོན་གཉེར། དམངས་འཚོར་ཕན་འདོགས་བཅས་ཀྱི་བྱ་བ་དངོས་སྒྲུབ་པ། མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་བྱེད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
        ཇ་སྟོན་ཚོགས་འདུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་མི་རིགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མི་རིགས་ས་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་པ་དེ་དག་མི་སེམས་ལ་ཟུག་ཅིང་ལག་བསྟར་དོན་འཁྱོལ་བྱུང་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཐོག་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་བུ་ཡང་དག་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་དར་དམངས་ཕྱུག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས། མི་རིགས་ཁག་གིས་སེ་འབྲུ་ལྟར་རྡོག་རྩ་གཅིག་ལ་བསྒྲིལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ཁྲོད་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
        ཇ་སྟོན་ཚོགས་འདུའི་ཐོག་རིག་རྩལ་ལས་དོན་པ་ཚོས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ཤིང་། 《ཏང་གི་རྗེས་སུ་འབྲངས་ནས་འབྱོར་འབྲིང་ལམ་བུར་སྐྱོད་》དང་། 《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》 《མེ་ཏོག་དང་ལོ་ཆུང》 《ས་ཆ་ཡག་པོ་ང་ཚོའི་ཤིན་ཅང》 《མ་ཡུམ་ནི་ཀྲུང་ཧྭ་ཡིན་》ལ་སོགས་པའི་གླུ་གཞས་དང་། 《ལོ་ལེགས་བྱུང་བ་》དང་《རྒྱུད་གཅིག་ལམ་གཅིག་གི་བཀྲག་མདངས་ཆེ་》ཞེས་པའི་ཞབས་བྲོ། སྒྲ་སྙན་རྟ་མགོ་ཅན་དང་སྒྲ་གདངས་རིང་པོ་ལྷན་གཅིག་ཏུ་སྡེབ་པའི་《རྟ་མཆོག་ལ་བསྟོད་པ་》སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་ནས་རང་རྒྱལ་གྱི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་དང་། མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་ཡིད་ཆེས་ཀྱི་བསམ་པ་དང་ཆོད་སེམས་མཚོན་པར་བྱས་ཡོད། འཁྲབ་སྟོན་པ་ཚོའི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་དགའ་བསུ་ཡང་ཡང་ཐོབ་པ་རེད།