མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བ།

         ཡུས་ཀྲེང་ཧྲེང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་རླབས་ཆེའི་བྱ་གཞག་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་འཐབ་རྩོད་བཅས་ལ་སྐུལ་འདེད་བཏང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཡོད། འདི་ལོ་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། རླབས་ཆེན་དུས་རབས་སུ་གནས་པ་དང་རླབས་ཆེའི་བྱ་གཞག་ནང་ཞུགས་སྐབས་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་ལས་འགན་ཧ་ཅང་ལྕི་བ་དང་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡོད། དེར་བརྟེན་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དེ་བས་རང་རྟོགས་ངང་མཐའ་འཁྱོངས་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དེ་བས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས། སེམས་ནུས་གཅིག་སྒྲིལ་ནུས་ལྡན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞིའི་བརྟན་དུ་གཏོང་བའི་སྲོག་མདའ་ལྟ་བུ་ཞིག་ཏུ་བརྩིས་ཏེ་སེམས་མཐུན་འཁོར་རྒྱ་ཆེ་རུ་གཏོང་བ་དང་། ལྟེ་བར་ཕྱོགས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་པ། ལམ་རོགས་གཅིག་པ་གང་མང་འདུས་པ་བཅས་བྱས་ཏེ་དྲང་ནུས་རྒྱ་ཁྱབ་ཆགས་པ་བྱེད་དགོས། འགན་འཁྲི་གཙང་སྒྲུབ་ཧུར་ཐག་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམ་པོར་དམིགས་ནས་ཐབས་དང་ནུས་ཤུགས་འདོན་པ་དང་། ཟོལ་མེད་གྲོས་མོལ་དང་། དོན་གཉེར་ལྟ་སྐུལ། སྲིད་མོལ་གཏིང་ཟབ་བྱེད་པ། བདེན་གཏམ་མང་ཙམ་གླེང་བ་དང་ཐབས་ཇུས་བཟང་པོ་མང་ཙམ་འདོན་པ་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་སྐྲུན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རང་གཅུན་ནན་པོ་ཡོང་བ་བྱས་ནས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཁྲིམས་སྲུང་སྒྲིག་བཀུར་དང་། རྒྱས་སྤྲོས་གཏན་འགོག་དང་གྲོན་ཆུང་གོང་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དཔེ་སྟོན་ངང་ལག་ལེན་བསྟར་བ། སྔ་བར་ཕྱི་གསུམ་དུ་རྒྱལ་དོན་སེམས་ལ་བཞག་པ་དང་དམངས་འཚོར་བརྩེ་སེམས་འཆང་བ། ཀུན་སྤྱོད་ལ་བརྟེན་ནས་མི་སེམས་ཐོབ་པ་བཅས་བྱས་ནས་ཚུགས་ནུས་ལྡན་པ་དང་། བརྩེ་སེམས་ལྡན་པ། འགན་འཁྲི་འཁུར་ཐུབ་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་འདི་ལོ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ལོ་མཇུག་ཤོས་རེད། སྐབས་གཅིག་གི་སྲིད་གྲོས་ཨུ་ཡོན་བྱས་ཚེ་ཚེ་གང་སྲིད་གྲོས་ལ་བརྩེ་སེམས་ཟབ་མོ་འཆང་ངེས་ཡིན། ང་ཚོས་རྩ་ཆེའི་དུས་ཚོད་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་ཨུ་ཡོན་གྱི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་སྙིང་རུས་ལྷོད་མེད་དང་། འབད་འབུངས་ཡར་བརྩོན། ཐོག་མའི་བསམ་འདུན་མི་བརྗེད་པ། མགོ་ཡོད་མཇུག་ཡོད་བྱེད་པ། འགན་འཁྲི་གཙང་སྒྲུབ་བྱེད་པ། ལྷོད་གཡེང་མི་གཏོང་བ་དང་མཚམས་མི་འཇོག་པ་བཅས་བྱས་ནས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་དང་མི་དམངས་སྲིད་གྲོས་ཀྱི་གར་སྟེགས་ཐོག་མི་ཚེའི་འབད་འཐབ་ཀྱི་གནས་ཚད་གཏན་འཁེལ་བྱེད་པ་དང་གསོན་ཉམས་ལྡན་པའི་སྲིད་གྲོས་ཀྱི་གཏམ་རྒྱུད་བཞག་སྟེ་བྱས་རྗེས་གསར་པར་བརྟེན་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་གཟི་བརྗིད་སྣོན་དགོས་ཞེས་མཛུབ་སྟོན་གནང་བ་རེད།

【1】  【2】