མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་མི་ཉམས་པ་དང་དུས་རབས་ཀྱི་རླབས་རྩེར་གཡོ་མེད་གནས་པར་བྱེད།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྲོས་བསྡུར་འཁྲུག་པོ་བྱས་པ།
         ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་ཞིག་རེད་ལ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདུ་འཛོམས་བྱ་ཡུལ་མང་པོ་ཞིག་ཏུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་བཟོ་རྒྱུའི་ཐད་བླང་བྱ་བཏོན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་བྱ་སྤྱོད་སྤེལ་ཕྱོགས་ཤིག་བསྟན་གནང་ཡོད། ཉིན་ཤས་བསྟུད་མར་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་བརྗོད་དོན་དེར་དམིགས་ནས་གྲོས་བསྡུར་གནང་ལ་དགེ་མཚན་ལྡན་པའི་གྲོས་འགོ་མང་པོའང་བཏོན་གནང་ཞིང་། ཁོང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་ཆབ་སྲིད་རང་བཞིན་ནམ་ཡང་མི་ཉམས་པར་བྱེད་མཁན་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་དུས་རབས་ཀྱི་རླབས་རྩེར་གཡོ་མེད་གནས་ཐུབ་ངེས་ཡིན་པའི་ངོས་འཛིན་གནང་བ་རེད།
         རྩ་ལག་མཉམ་བཅོས་བྱས་ནས་ལམ་ལུགས་ཀྱི་རླུང་ཙི་སྔར་བས་དམ་ཚགས་སུ་གཏོང་དགོས།
         གཤམ་གསལ་གྱི་གྲངས་གཞི་འགའ་ཞིག་ལས་ཀྱང་གསལ་པོར་མཚོན་ཐུབ་པ་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ཁྲི་100གྱོད་ཐོ་འགོད་པ་དང་མི་ཁྲི་100ལྷག་ཙམ་ལ་ཏང་ཁྲིམས་སྲིད་ཁྲིམས་ཀྱི་ཆད་པ་བཅད་པ་དང་། 2016ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྲི་15ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ། མི་ཁྲི་20ལྷག་ཙམ་ཐག་གཅོད་བྱས་པ། མི་ཁྲི་10ལྷག་ཙམ་ལ་ཏང་སྒྲིག་སྲིད་སྒྲིག་གི་ཆད་པ་བཅད་པ་བཅས་རེད།
          “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་སྲོལ་གཅིག་སྡུད་དག་ཐེར་གྱིས་རུལ་སུངས་ལ་ཁྲིམས་གཅོད་ནན་པོ་བྱས་ཤིང་། རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱས་ནས་རུལ་སུངས་པ་ཟིལ་གྱིས་གནོན་པའི་རྣམ་པ་ཞིག་ཆགས་པར་བྱས་ཡོད་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་པར་ཡང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧོང་གཡན་མིང་གིས“ཏང་ནན་པོས་སྐྱོང་བ་དེ་དམངས་ཀྱི་བློ་ཁ་ཕྱོགས་ས་ཡིན། མིག་སྔར་ལམ་ལུགས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲོམ་གཞི་བསྐྲུན་ཟིན་པ་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་ཡན་ལག་ནས་རྩ་བ་བཅོས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད”ཅེས་གསུངས་པ་རེད།
         “‘ལྕེ་ཐོག་གི་ཆུད་ཟོས’དང‘འདུ་གནས་ཀྱི་་སྲོལ་ངན’དག་ཐེར་བྱེད་པ་ནས་ཚད་གཞི་ལས་བརྒལ་བའི་ལས་ཤག་དང་། ‘སྦས་ཁུང’‘ལས་མེད་ཕོགས་ཟ’བཅས་གཙང་བཤེར་བྱེད་པ་ལ་སོགས་ཀྱི་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་ལས་བྱུང་བ་ནི་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་རྒྱུན་མཐུད་ཡག་ཏུ་སོང་བ་དེ་ཡིན”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྥང་ལའེ་དབྱིང་གིས་མྱོང་ཚོར་ཟབ་མོས་གསུངས་པ་རེད།
         “རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་དེ་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤེལ་དགོས་ལ་རྒྱུན་དུ་དམ་འཛིན་ཡང་བྱེད་དགོས”རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དབྱང་ཙུང་ཧུའེ་ཡིས་སྒྲིག་ཁྲིམས་ལ་མཐོང་ཆེན་གྱིས་མདུན་དུ་བཞག་ནས་ལམ་ལུགས་ཀྱི་རླུང་ཙི་ཇི་ཙམ་བསླས་པ་དེ་ཙམ་གྱིས་ཚགས་དམ་དུ་འགྲོ་རྒྱུ་ཡིན། མིག་སྔར་རུལ་སུངས་བྱེད་མི་ཕོད་པའི་དུས་མཚམས་ལ་དོན་དམ་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་བ་དང་འབྲེལ་རུལ་སུངས་བྱེད་མི་ཐུབ་པ་དང་རུལ་སུངས་བྱེད་མི་འདོད་པའི་ལམ་སྲོལ་དང་སྒྲིག་སྲོལ་ནུས་ཤུགས་ཡོད་རྒུས་བཟོས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
         “འགག་རྩའི་ཉུང་ཤས”དམ་པོར་བཟུང་ནས“གཙོ་གནད་ཁྱབ་ཁོངས”ལ་དམིགས་དགོས།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འགག་རྩ་ནི“འགག་རྩའི་ཉུང་ཤས”ཞེས་པའི་འགོ་ཁྲིད་ལས་བྱེད་པར་དམ་འཛིན་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་ཐེངས་མང་གནང་ཡོད།
        རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དེང་རབས་ཀྲུང་གོ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲུང་དབྱིང་གིས“ལས་ཀ་དངོས་ཁྲོད་གཙོ་གནད་སྡེ་ཚན་དང་གཙོ་གནད་ལས་གནས་ཉུང་ཤས་ཀྱི་འགོ་ཁྲིད་ལས་བྱེད་པར‘རི་དྭགས་རུབ་རྒྱག’ཕོག་སླ་པོ་ཡོད། ‘འགག་རྩའི་ཉུང་ཤས’ལ་དམ་འཛིན་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གཙོ་གནད་བཏོན་ཡོད་ལ་ལས་བྱེད་པར་གོ་གནས་ཇི་ཙམ་མཐོ་བ་དེ་ཙམ་གྱིས་དབང་ཆ་ཆེ་བ་ཡོད་པས་སེམས་ནང་བརྩི་བཀུར་དང་ཡིད་གཟབ་ནན་པོ་དེ་བས་བྱེད་དགོས་པའི་ཉེན་བརྡ་ཡང་བཏང་ཡོད”ཅེས་གསུངས་པ་རེད།
         འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གལ་འགངས་ཆེ་བའི་ལོ་ཞིག་རེད། སྲིད་གྲོས་ཀྱི་ཨུ་ཡོན་མང་དག་ཅིག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལྷུ་ཚིགས་གལ་ཆེན་དེའི་ཁྲོད་ཏང་ནན་པོས་སྐྱོང་རྒྱུར་སྐད་ཅིག་ཙམ་ཡང་ལྷོད་གཡེང་གཏོང་མི་རུང་བ་དང་། རུལ་སུངས་ལ་ཆད་གཅོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་ཀྱི་ཁྱབ་ཁོངས་བསྡུ་སྒྲིལ་བྱེད་པ་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད།
         “གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས”རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དབྱི་ལི་ཚོགས་པའི་ཏུང་ཧྲི་ཀྲང་ཕན་ཀང་གིས་ཏང་ནན་པོས་སྐྱོང་ཤུགས་ཆེ་རུ་གཏོང་བར“དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་བཅུག་ནས”རིམ་ཁག་འགོ་ཁྲིད་ལས་བྱེད་པས་བསམ་བློའི་ཐད་ཚད་ཤིང་བསྡུར་ནས་ཧེ་བག་བཙལ་འཚོལ་དང་། བྱ་སྤྱོད་ཐད་དམ་འཛིན་ལྷོད་མེད། ལག་བསྟར་ཐད་སེམས་ཐག་གཙང་བཅད། དོན་འཁྱོལ་ཐད་གཟབ་གཟབ་ནན་ནན་བཅས་བྱ་རྒྱུའི་འགན་ལེན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་དགོས་ཞེས་གསུངས་པ་རེད།
         ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཁ་འབྲལ་ཐབས་མེད་པ།
        ཨུ་ཡོན་ཚོས་གྲོས་བསྡུར་གནང་སྐབས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་ཉེ་ཆར་པར་འགྲེམས་བྱས་པའི《མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ནི་ཏང་ཀྲུང་དབྱང་གིས་སྤེལ་བའི་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དམིགས་བཀར་ཡིག་ཆ་ཐོག་མ་ཡིན་པ་དེས་དུས་བབ་གསར་པའི་འོག་གི་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ཐད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།
         “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཁ་འབྲལ་ཐབས་མེད། དེར་བརྟེན་ཏང་ཨུད་དང་སྲིད་གཞུང་ལ་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པའི་དམངས་གཙོའི་འདུ་ཤེས་དང་ཆབ་སྲིད་ཀྱི་ཉམས་འགྱུར་ཞིག་ལྡན་དགོས”རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཕུའུ་ཡུས་ཀྱིས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དེ་ཏང་ཨུད་ཀྱི་སྒྲིག་ཁྲིམས་ལག་བསྟར་གྱི་ལྟ་སྐུལ་དང་། མི་དམངས་འཐུས་ཚོགས་ཀྱི་དབང་ཆའི་ལྟ་སྐུལ། ཁྲིམས་འཛིན་ལས་ཁུངས་ཀྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ། གསར་འགྱུར་སྨྱན་སྦྱོར་གྱི་གླེང་ཕྱོགས་ཀྱི་ལྟ་སྐུལ་སོགས་ལྟ་སྐུལ་བྱེད་སྟངས་གཞན་དག་དབར་ལེགས་ཆ་གསབ་རེས་དང་ཕན་ཚུན་སྤེལ་རེས་བྱས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཧྲིལ་པོ་ཞིག་ཆགས་པ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
          ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱའི་འོག་མི་དམངས་སྲིད་གྲོས་ཀྱིས་སྲིད་ཕྱོགས་དང་ཚོང་ཕྱོགས་ཀྱི་འབྲེལ་བ་དེ“ཉེ་པོའི”སྟེང“གཙང་མ”སྣོན་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲེང་ཐའེ་ཚོགས་པའི་ཏུང་ཧྲེ་ཀྲང་ནན་ཚུན་ཧུའེ་ཡིས་ཕྱོགས་གཅིག་ནས་འགོ་ཁྲིད་ལས་བྱེད་པས“གཙང་མ”ཡོང་རྒྱུའི་སྣེ་འཁྲིད་དེ་གསལ་གསལ་མཐིང་མཐིང་གིས་ཁེ་ལས་དང་འབྲེལ་གཏུག་བྱས་ནས་མཐའ་ཚད་སྲུང་བ་དང་བྱེད་ཚོད་རན་པོ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་མཁས་ཅན་གྱིས་སྒྲིག་བཀུར་ཁྲིམས་སྲུང་གིས་ཁེ་ལས་གཉེར་བ་དང་ཁ་གསལ་གཏིང་གསལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་དགོས། སྲིད་གཞུང་དང་ཁེ་ལས་དབར་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཞི་མཐུན་དང་། སྐྱོན་བྲལ། གཉིས་ཁེ་བཅས་ཀྱི་སྲིད་གཞུང་དང་ཁེ་ལས་དབར་གྱི་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།