མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ། (གནད་བསྡུས)

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 08:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ། (གནད་བསྡུས)

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་མི་དམངས་ཚོགས་ཁང་ཆེ་མོར་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ཕུའུ་དབྱིང་གི་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་མཇལ་འཕྲད་གནང་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
          ཀྲུང་གོའི་དཔལ་འབྱོར་གྱི་དུས་བབ་སྐོར།
          ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་རྒྱུན་མཐུད་ངང་འགོར་དུ་ཕྱིན་པ་ང་ཚོར་དོ་སྣང་བྱུང་། འདི་ལོ་སླར་ཡང་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་དམིགས་ཚད་6.5%ཙམ་བར་བཅག་པ་དེས་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་སྲིད་དམ། གཞན་ཡང་མི་ཁག་གཅིག་གིས་ཀྲུང་གོའི་དཔལ་འབྱོར་ལ་ཉེན་ཁ་མང་པོ་གནས་པ་དང་ལྷག་དོན་དུ་དངུལ་རྩའི་ཐད་ཉེན་ཁ་མང་པོ་གནས་པའི་ངོས་འཛིན་བྱེད་ཀྱི་ཡོད་པས། ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བའི་རྒྱབ་ལྗོངས་ཆེན་པོའི་འོག་འཛམ་གླིང་དཔལ་འབྱོར་གྱི་སྐུལ་འདེད་པ་མུ་མཐུད་བྱེད་ཐུབ་བམ།
          ལི་ཁེ་ཆང་། ང་ཚོས་འདི་ལོའི་དཔལ་འབྱོར་འཕར་བའི་མྱུར་ཚད་6.5%ཙམ་ལ་གཏན་འཁེལ་བྱས་ཡོད། ཀྲུང་གོས་དཔལ་འབྱོར་འཕར་ཚད་ཕྲན་ཙམ་བཅག་ཚུལ་ཕྱི་རྒྱལ་སྨྱན་སྦྱོར་ཐོག་གཏོང་སྤེལ་བྱས་པ་ངས་མཐོང་བྱུང་། དོན་དངོས་ཐོག་6.5%འཕར་བའི་མྱུར་ཚད་དེ་ནི་དམའ་པོ་ཞིག་མིན་ལ་ལས་སླ་པོ་ཞིག་ཀྱང་མིན། གལ་སྲིད་འདི་ལོ་ཀྲུང་གོས་དཔལ་འབྱོར་འཕར་བའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན། འཕར་ཚད་ན་ནིང་ལས་མཐོ་བ་དགོས། གང་ལགས་ཤེ་ན། དེ་ནི་ང་ཚོའི་དཔལ་འབྱོར་གྱི་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་74ལས་བརྒལ་བ། དེ་ནི་ཨ་སྒོར་དུང་ཕྱུར་ཁྲི་11གི་རྨང་གཞིའི་ཐོག་འཕར་བ་དང་ཧ་ལམ་མཚུངས་པ་མ་ཟད། མི་ཁྲི་1100ཡན་ལས་ཞུགས་བྱ་རྒྱུར་སྣེ་ཁྲིད་ཐུབ། ང་ཚོས་དེ་ལྟར་བྱས་པ་ནི་དཔལ་འབྱོར་གྱི་ཆོས་ཉིད་དང་མཐུན་ལ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ཐད་དོ་སྣང་དེ་བས་མང་བ་བྱེད་ཐུབ་པས། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་དམའ་རུ་འགྲོ་མི་སྲིད། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་བསྐྱར་དར་འགོར་བའི་གནས་ཚུལ་འོག གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་མཁན་སྟོབས་ཤུགས་གལ་ཆེན་ཞིག་རེད།
          ཉེན་ཁའི་ངོས་ནས་བརྗོད་ན། འདི་ལོ་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་ཐད་གཏན་འཁེལ་མེད་པའི་རྒྱུ་རྐྱེན་ཧ་ཅང་མང་པོ་ཡོད། དེ་ནི་ཕྱི་རོལ་ཡུལ་གྱི་ཉེན་ཁ་ཆེ་ཤོས་དེ་རེད། ཀྲུང་གོའི་ངོས་ནས་བརྗོད་ན། འཕེལ་རྒྱས་མི་གཏོང་བ་དེ་ནི་ཉེན་ཁ་ཆེ་ཤོས་དེ་རེད། ང་ཚོས་འབྲིང་དུས་ཀྱི་འཕར་ཚད་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དེ་ནི་འཛམ་གླིང་གི་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད། གཞན་ཡང་ང་ཚོར་ཡང་སྣང་ཆུང་བྱེད་མི་རུང་བའི་ཉེན་ཁ་ཁ་ཤས་ཡོད། དཔེར་ན། ཁྱེད་ཀྱིས་ད་ལྟ་བཤད་པའི་དངུལ་རྩའི་ཁྱབ་ཁོངས་ལྟ་བུ་རེད། ཉེན་ཁ་ཐོན་གཞི་དེ་དག་ལ་ང་ཚོས་ཚད་མཐོའི་དོ་སྣང་བྱེད་ཀྱི་ཡོད། གལ་སྲིད་ཉེན་ཁ་ཤེས་རྟོགས་ཐུབ་ཚེ། ང་ཚོས་འཕྲལ་དུ་ཐག་གཅོད་བྱས་ཏེ“རྣག་ཐོག་བཙག་འཁེལ”བྱེད་པ་ལས་དེ་མཆེད་དུ་འཇུག་མི་སྲིད། ངས་ད་དུང་ནན་བཤད་བྱེད་དགོས་པ་ཞིག་ནི་ཀྲུང་གོའི་དངུལ་རྩའི་མ་ལག་སྤྱིར་ན་བདེ་འཇགས་ཡིན་པས་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་ཐོན་མི་སྲིད། གང་ལ་ཤེ་ན། ང་ཚོར་ཁ་གཏད་གཅོག་ཐབས་མང་པོ་ཡོད་ལ། གྲ་སྒྲིག་སྲིད་ཇུས་མང་པོ་ད་དུང་སྤྱད་མེད། ང་ཚོའི་ནོར་སྲིད་ཀྱི་མཚལ་ཡིག་3%ལས་བརྒལ་མྱོང་མེད་པ་དང་། ཚོང་ལས་དངུལ་ཁང་གི་མ་རྩ་དང་ཚད་13%ཟིན་པ་དང་གཏོང་སྤྲོད་གྲ་སྒྲིག་ཁྱབ་ཚད་176%ཟིན་པ་བཅས་དེ་དག་ཚང་མ་རྒྱལ་ཁབ་དུ་མ་ལས་ལྷག་པ་ཡོད། ལྷག་དོན་དུ་རྒྱལ་སྤྱིའི་ཐོག་གཏན་འཁེལ་བྱས་པའི་འབྲེལ་ཡོད་ཚད་གཞི་ལས་བརྒལ་ཡོད་པས་ང་ཚོར་ཉེན་ཁ་འགོག་པའི་ནུས་པ་ཡོད། ང་ཚོས་མྱུར་ཚད་འབྲིང་དུས་རྒྱུན་འཁྱོངས་བྱེད་རིང“ཉེན་ཐག”དམ་པོར་བཅིངས་སྲིད་པས་ཉེན་ཁ་ཐོན་མི་སྲིད་ལ་ས་ཁོངས་རང་བཞིན་ནམ་ཡང་ན་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་དེ་བས་ཐོན་མི་སྲིད།
          སྲིད་གཞུང་གི་འགན་ནུས་ལེགས་སུ་གཏོང་བའི་སྐོར།
         《མི་དམངས་ཉིན་རེའི་ཚགས་པར་》གྱི་གསར་འགོད་པ། ཉེ་བའི་ལོ་བཞིའི་ནང་ཁྱེད་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་ལས་དོན་ཐད་སྔ་ཕྱི་བར་གསུམ་དུ་དམ་འཛིན་གནང་བ་ང་ཚོས་དོ་སྣང་བྱུང་། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མངོན་པར། ཁྱེད་ཀྱིས་སྐབས་འདིའི་སྲིད་གཞུང་ལ་བཏོན་གནང་བའི་སྲིད་འཛིན་ཞིབ་མཆན་ལས་དོན་གྱི་གསུམ་ཆ་གཅིག་ཧྲག་བསྡུས་བྱེད་དགོས་པའི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་ཐུབ་ཡོད། དེས་ན་གསུམ་ཆ་གཉིས་དེ་ཇི་ལྟར་བྱེད་དམ། ལས་དོན་དེ་མུ་མཐུད་སྤེལ་རྒྱུ་ཡིན་ནམ། གལ་ཏེ་མུ་མཐུད་སྤེལ་ན་ཁྱེད་ཀྱིས་ཇི་ལྟར་སྤེལ་རྩིས་ཡོད་དམ།
         ལི་ཁེ་ཆང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་སྲོག་ཤིང་ནི་སྲིད་གཞུང་གི་འགན་ནུས་ལེགས་སུ་གཏོང་རྒྱུ་དེ་ཡིན། སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་དུས་ཐུང་ནང་ལེགས་གྲུབ་ཐུབ་པ་ཞིག་མིན། ང་ཚོས་སྐབས་འདིའི་སྲིད་གཞུང་བཙུགས་མ་ཐག་གཏན་འཁེལ་བྱས་པའི་ལས་འགན་ལེགས་གྲུབ་བྱས་མོད། འོན་ཀྱང་ལས་དོན་སྤེལ་རིང་གནད་དོན་མང་པོ་ཡོད་པ་ཤེས་རྟོགས་ཐུབ་བྱུང་། ཞིབ་མཆན་འགོད་དབང་ཙམ་མ་ཟད། ད་དུང་འདྲ་མིན་སྣ་ཚོགས་ཀྱི་སྲིད་འཛིན་ཆོག་འཐུས་དང་། ཐོབ་ཐང་བདེན་དཔང་ར་སྤྲོད། ཁྱད་མཚར་བའི་དཔང་ཡིག་སྣ་ཚོགས། ཁེ་ལས་ཀྱིས་ཁུར་ཐབས་བྲལ་བའི་གྲོན་དངུལ་བསྡུ་བ་ལ་སོགས་ཚང་མ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་སྟབས་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་ནང་དོན་ཁོངས་སུ་ཚུད་ཡོད། ང་ཚོས་དེ་སྤེལ་བའི་བརྒྱུད་རིམ་ནང་སྲིད་གཞུང་གི་འགན་ནུས་ལེགས་སུ་གཏོང་ཐུབ་པ་བྱས་ཏེ་ནུས་སེམས་དེ་བས་མང་བ་དོ་དམ་བྱེད་དགོས་པའི་ལས་དོན་ཐོག་འཇོག་དགོས། སྲིད་གཞུང་གིས་དོ་དམ་བྱེད་མི་དགོས་པ་དང་རང་ཉིད་ཀྱི་དོ་དམ་བྱེད་ཁོངས་སུ་ཚུད་མེད་པའི་ལས་དོན་ཁག་གཅིག་ལ་དོ་དམ་བྱས་པ་ལས་ཁྲོམ་རའི་བྱེད་པོར་ཚོད་འཛིན་ཕོག་ནས་སྲིད་གཞུང་གི་ལས་ཕྱོད་དམའ་རུ་ཕྱིན་པ་དང་ཐ་ན་སྲིད་གཞུང་གི་སྤྱི་མོས་ཐོབ་ཚད་ལ་ཤུགས་རྐྱེན་ཐེབས་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་རང་ངོས་གསར་བརྗེ་དང་གྲི་རྔོ་ནང་ངོས་སུ་ཕྱོགས་དགོས། དཔའ་བོས་རང་ལག་གཅོད་ཕོད་པའི་སྙིང་སྟོབས་ཐོག་ནས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་དེར་སྐུལ་འདེད་གཏོང་བ་དང་གནད་དོན་གང་ཞིག་དང་འགོག་རྐྱེན་གང་ཞིག་འཕྲད་ནའང་ང་ཚོར་སེམས་ཤུགས་བརྟན་པོ་ལྡན་པའི་ཡིད་ཆེས་བྱེད་དགོས་པ་ངས་རྒྱུན་དུ་ཤོད་ཀྱི་ཡོད།
         ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། དམ་ལྷོད་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་ནི་ཕྱོགས་གསུམ་གཞི་གཅིག་ཡིན་ཞིང་། དེའང་སྲིད་གཞུང་གིས་ནུས་སེམས་དེ་བས་མང་བ་ལས་དོན་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་དང་མི་དམངས་མང་ཚོགས་ཀྱི་ཞབས་ཞུ་ལེགས་སུ་གཏོང་རྒྱུའི་ཐད་འཇོག་རྒྱུ་དེ་རེད། ཁྲོམ་རའི་ཆོག་འཐུས་ཆ་རྐྱེན་ལྷུག་ཏུ་བཏང་ན་ཁྲོམ་རའི་བྱེད་པོའི་འདྲ་མཉམ་འགྲན་རྩོད་ལ་ཁོར་ཡུག་བསྐྲུན་ཐུབ། རྫུན་ལྷད་ཞན་གསུམ་དང་། གཡོ་སྒྱུ་ཁྲམ་གསུམ། ཤེས་བྱའི་བདག་དབང་ལ་བཙན་གནོད་གཏོང་བ་བཅས་དང་དེ་བཞིན་བཟའ་བཅའ་དང་། སྨན་རྫས། ཁོར་ཡུག་སྲུང་སྐྱོང་སོགས་དང་འབྲེལ་བ་ཡོད་པའི་མང་ཚོགས་ཚོས་དོ་ཁུར་ཟབ་མོ་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ང་ཚོས“དྲ་སྦྲེལ+སྲིད་དོན་ཞབས་ཞུ”བརྒྱུད་མང་ཚོགས་ལ་སྟབས་བདེ་བསྐྲུན་ནས་སེམས་ཁྲལ་མེད་པ་བཟོ་དགོས། སྟོབས་ཤུགས་དེ་བས་མང་བ་དབུལ་སྐྱོར་འགག་སྒྲོལ་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། འོས་འགན་སློབ་གསོ། གཞི་རྩའི་སྨན་བཅོས་སོགས་དམངས་འཚོའི་དོ་ཁུར་ཐད་སྤྲོད་དགོས།
          མདོར་ན། ཁྲིམས་མཐུན་ལུགས་མཐུན་གྱི་ཁྲོམ་རའི་བྱེད་པོར“མདུན་སྐྱོད། མདུན་སྐྱོད། སླར་ཡང་མདུན་སྐྱོད”ཅེས་པའི་འཕྲིན་བརྡ་གཏོང་དགོས་པ་དང་། ངལ་རྩོལ་ལ་བརྟེན་ནས་ལས་གཏོད་གསར་གཏོད་བྱེད་མཁན་ལ“འགྲིག་གི་རེད། འགྲིག་གི་རེད། སླར་ཡང་འགྲིག་གི་རེད”ཅེས་པའི་ཆོག་འཐུས་གློག་སྒྲོན་ལྗང་ཁུ་སྤོར་དགོས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་ཚུལ་མིན་བྱེད་སྤྱོད་ལ་དུས་ཐོག་ཏུ་བྱང་བུ་སེར་པོ་སྟོན་པ་མ་ཟད་ཐ་ན་བྱང་བུ་དམར་པོ་སྟོན་ནས་ཆད་པ་བཅད་དེ་ཕྱིར་འབུད་བྱེད་དགོས།
         ཕུང་ཕེ་གསར་འགྱུར་གྱི་གསར་འགོད་པ། འདི་ལོའི་ཚོགས་འདུ་གཉིས་ཀྱི་སྔ་ནུབ་ཏུ་ཀྲུང་གོ་སྲིད་གཞུང་དྲ་བས་དྲ་བའི་སྨྱན་སྦྱོར་27དང་མཉམ་དུ“ངས་ཙུང་ལི་མཆོག་ལ་བཀའ་མོལ་ཚིག་གཅིག་ཞུ་རྒྱུ་ཡིན”ཞེས་པའི་གྲོས་འགོ་བསྡུ་རུབ་ཀྱི་བྱེད་སྒོ་སྤེལ་ཡོད། ཕེང་ཕེ་གསར་འགྱུར་དང་དེ་རིང་དབུ་རྩོམ་ཐོག་དམངས་གཙོ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་ལ་དྲ་བའི་ཐོག་ནས་འདེམས་ཤོག་འཕངས་ཡོད། མིག་སྔའི་བར་དྲ་གྲོགས་ཁྲི་2131གིས“ཁང་པའི་བདག་དབང་དུས་བཅད་ལོ་70ཐིམ་རྗེས་ཇི་ལྟར་བྱེད་དགོས་སམ”ཞེས་པ་དེ་འདེམས་ཤོག་ཨང་དང་པོར་སླེབས་ཡོད། ཙུང་ལིར་བཀའ་འདྲི་ཞུ་རྒྱུར་རྒྱལ་ཁབ་ཀྱིས་གནད་དོན་དེ་གང་འདྲ་བྱས་ཏེ་ཐག་གཅོད་བྱ་རྩིས་ཡོད་དམ།
         ལི་ཁེ་ཆང་། ཀྲུང་གོའི་གནའ་གཏམ་ལ་བློ་གྲོས་ཅན་ལ་སྙིང་རུས་ལྡན་ཞེས་ཤོད་སྲོལ་ཡོད། དྲ་དམངས་ཚུད་པའི་རྒྱ་ཆེའི་མང་ཚོགས་ཚོས་ལོ་70ཕྱིན་པའི་སྡོད་ཁང་དང་ས་ཆའི་སྤྱོད་དབང་གི་དུས་བཅད་ཐིམ་པ་དང་དུས་བཅད་རིང་དུ་གཏོང་བའི་གནད་དོན་ལ་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པ་དེར་བསམ་ཤེས་བྱེད་འོས་པ་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྡེ་ཚན་ལ་ལན་རྒྱག་དགོས་པའི་བླང་བྱ་བཏོན་པ་དེ་ནི་དུས་བཅད་རིང་དུ་བཏང་བ་ཞིག་དང་རེ་ཞུ་བྱེད་མི་དགོས་ལ་སྔོན་སྒྲུབ་ཀྱི་ཆ་རྐྱེན་ཡང་མི་དགོས་པ་མ་ཟད་ཉོ་ཚོང་ལའང་ཤུགས་རྐྱེན་ཐེབས་མི་སྲིད། མི་ལ་ལས་ཁྱེད་ཚོས་ཤོད་པ་ཙམ་ལས་བཅའ་ཁྲིམས་ཀྱི་འགན་ལེན་ཐུབ་བམ་ཞེས་ཤོད་སྲིད། ངས་དེ་གར་ནན་བཤད་བྱ་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ལ་འགྱུར་མེད་རྒྱུ་ནོར་ལ་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་གང་མགྱོགས་ཞིབ་འཇུག་བྱས་ཏེ་གྲོས་གཞི་འདོན་རྒྱུའི་བཀའ་བཏང་ཡོད།
          ལས་ཞུགས་གནད་དོན་སྐོར།
          ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ། ཁྱེད་ཀྱིས་རྣམ་ཀུན་ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་ཞེས་གསུང་གི་འདུག གནས་ཚུལ་སྤེལ་བའི་ནང་ཁྱེད་ཀྱིས་ཟླ་བ་མི་རེ་ངོ་རེར་དཔལ་འབྱོར་དམིགས་ཚད་ལ་གཟིགས་སྐབས་ལས་ཞུགས་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་གནང་གི་ཡོད་པ་འཁོད་འདུག སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཁྱེད་ཀྱིས་འདི་ལོ་རང་རྒྱལ་གྱི་ལས་ཞུགས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་དམིགས་སུ་བཀར་ནས་གླེང་ཡོད། དེར་བརྟེན་ཙུང་ལི་མཆོག་ལ་བཀའ་འདྲི་ཞུ་རྒྱུར། ད་ལོ་ཚོགས་སྤྱིའི་རང་བཞིན་གྱི་ལས་ཤོར་གནད་དོན་ལྷག་སྲིད་དམ།
          ལི་ཁེ་ཆང་། ཁྱེད་ཚོས་དོ་སྣང་ཅུང་ཟད་བྱས་ཚེ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི་ནང་ནས་གཅིག་མཐོ་རུ་ཕྱིན་པ་ནི་འདི་ལོ་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་ལས་ཞུགས་གསར་འཕར་ཡོང་བ་བྱ་རྒྱུ་དེ་ན་ནིང་གི་དམིགས་ཚད་ལས་མི་ཁྲི་100མང་དུ་སོང་བ་དེ་ཡིན། ང་ཚོས་དཔལ་འབྱོར་འཕར་ཚད་6.5%ཙམ་ཟིན་པ་བྱེད་དགོས་ལ་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དེ་གཙོ་བོ་ལས་ཞུགས་འགན་ལེན་བྱ་རྒྱུར་ཐུག་ཡོད། གང་ལགས་ཤེ་ན། མི་འབོར་དུང་ཕྱུར་13ཡོད་པའི་རང་རེའི་རྒྱལ་ཁབ་ཆེན་པོར་མཚོན་ན། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་རེད། ལས་ཞུགས་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་དང་། རྒྱུ་ནོར་འཕེལ་བའི་འབྱུང་ཁུངས་ཡིན་པ། ཡུལ་མིའི་ཡོང་འབབ་ཡོང་ཁུངས་གཙོ་བོ་ཡང་ཡིན། ལོ་འདི་དག་གི་རིང་ང་ཚོས་ལས་ཞུགས་ཀྱི་དགེ་མཚན་ལྡན་པའི་སྲིད་ཇུས་ལག་ལེན་ཧུར་ཐག་བསྟར་བས་ལོ་བཞི་བསྟུད་མར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1300ཡན་ལས་ཞུགས་ཐུབ་ཡོད། འདི་ལོ་ལས་ཞུགས་སྔོན་ལ་ཐུབ་རྒྱུར་ནན་བཤད་ལྷག་པར་བྱེད་པ་ནི་ལས་ཞུགས་གང་ལེགས་ཐུབ་རྒྱུར་འགན་ལེན་བྱས་ནས་ལས་ཀ་ཤོར་ཚད་ཚད་གཞི་དམའ་ཤོས་ནང་ཚོད་འཛིན་བྱེད་དགོས་པ་དེ་ཡིན།
          ཉེ་བའི་ལོ་ཤས་རིང་ང་ཚོ་སྔར་བཞིན་ངལ་ནུས་གསར་པ་མང་པོ་ཐོན་པའི་སྐབས་སུ་གནས་ཡོད་པས་འདི་ལོའི་ལས་ཞུགས་ཀྱི་གནོན་ཤུགས་སྔར་བཞིན་ཆེ་ཙམ་ཡོད། མཐོ་སློབ་ཐོན་པའི་སློབ་མ་ཁོ་ན་ཁྲི་795ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ད་དུང་འབྲིང་རིམ་ལས་རིགས་སློབ་ཐོན་སློབ་མ་ཁྲི་500ལྷག་ཡོད། དེའི་ཐོག་ཐོན་ནུས་ལྷག་མའི་འགལ་བ་ཆུང་དུ་གཏོང་བའི་ཐད་ལས་གནས་བསྒྱུར་བའི་བཟོ་པ་ཁྲི་བཅུ་གྲངས་ཁ་ཤས་བཀོད་སྒྲིག་བྱེད་དགོས་པ་སོགས་རེད། ང་ཚོས་ལས་གཏོད་ལས་ཞུགས་བྱེད་པར་ཕན་པའི་ཁོར་ཡུག་ཅིག་གཏོད་རྒྱུ་ནི་སྲིད་གཞུང་གིས“ལྕགས་ཕོར”སྤྲོད་རྒྱུ་ཁོ་ནར་མ་བརྟེན་པར་མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་ངལ་རྩོལ་དང་བློ་གྲོས་ལ་བརྟེན་ནས“གསེར་ཕོར”གཏོད་དགོས། ལོ་འདི་དག་ནང་ང་ཚོས་ལས་གནས་བཏོད་པ་བརྒྱུད་ལས་ཞུགས་གང་ལེགས་ཐུབ་པ་བྱས་ཡོད་པས་འདིར་ངས་ཕྱི་རྒྱལ་གྱི་གྲོགས་པོ་གསར་འགོད་པར་ཀྲུང་གོའི་ལས་ཞུགས་ལས་གནས་ནི་རང་ཉིད་ཀྱིས་བཏོད་པ་ཞིག་ཡིན་པའི་སྐོར་མང་པོ་བརྗོད་འདོད་ཡོད།
          ང་ཚོར་ལས་ཞུགས་རྒྱ་ཆེར་གཏོང་བའི་ནུས་པ་ཡོད་པས་གཞི་ཁྱོན་ཆེ་བའི་ཚོགས་སྤྱིའི་ལས་ཤོར་ཐོན་མི་སྲིད་ལ་ཐོན་དུའང་འཇུག་རྒྱུ་མིན། སྐབས་ཤིག་རིང་ལས་ཞུགས་མི་ཐུབ་པ་དང་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྲིད་གཞུང་གིས་འགན་ཁུར་ནས་ཁོང་ཚོའི་གཞི་རྩའི་འཚོ་བ་འགན་ལེན་བྱས་སྲིད།
          ལུའུ་ཐོའུ་གསར་འགྱུར་ཁང་གི་གསར་འགོད་པ། འདི་ལོ་ཀྲུང་གོ་སྲིད་གཞུང་གིས་ཕན་མེད་ཀྱི་མཁོ་སྤྲོད་སྔར་བས་ཉུང་དུ་བཏང་ནས་ཕན་ཡོད་ཀྱི་མཁོ་སྤྲོད་རྒྱ་ཆེར་གཏོང་རྩིས་ཡོད་པ་རེད། བརྒྱུད་རིམ་དེའི་ནང་སྲིད་གཞུང་གིས་ལས་གནས་ལས་བབས་པའི་བཟོ་པར་ལས་ཀ་གསར་པ་རག་རྒྱུ་འགན་ལེན་བྱེད་པ་དང་འབྲེལ་ཁོང་ཚོའི་འཚོ་ཐབས་ཀྱང་འགན་ལེན་བྱེད་དགོས་ཀྱི་ཡོད། གལ་ཏེ་ང་ནི་གཏེར་འདོན་བཟོ་པ་ཞིག་གམ་ཡང་ན་ངར་ལྕགས་བཟོ་གྲྭའི་བཟོ་པ་ཞིག་ཡིན་ཚེ། ངར་ཞིང་ཆེན་དེ་ནས་ལས་ཀ་གསར་པ་གང་ཞིག་རག་ཐུབ་བམ། འདི་ལོ་སྔོན་དཔག་ལྟར་ན་སྡེ་ཚན་གང་དག་ཏུ་ལས་གནས་མང་དུ་འགྲོ་སྲིད་དམ།
           ལི་ཁེ་ཆང་། ཁྱེད་ཀྱིས་ལས་ཞུགས་གནད་དོན་དེ་བས་མི་གཤིས་ཅན་དང་ཁྱད་ཆོས་ཅན་དུ་བཏང་སོང་། ན་ནིང་ང་ཚོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ཞིག་ནི་ངར་ལྕགས་དང་རྡོ་སོལ་ལས་རིགས་ཀྱི་ཐོན་ནུས་ལྷག་མ་དང་རྗེས་ལུས་ཐོན་ནུས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། ང་ཚོས་དོ་ཁུར་ཆེ་ཤོས་བྱེད་པ་ནི་ཐོན་ནུས་གཅོག་པའི་བརྒྱུད་རིམ་ནང་ཇི་ལྟར་བྱས་ནས་ལས་བཟོ་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་དེ་ཡིན། དེར་བརྟེན་ཀྲུང་དབྱང་ནོར་སྲིད་ནས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1000བཏང་སྟེ་ལས་མི་ལས་སྒྱུར་བཀོད་སྒྲིག་ཐད་སྤྱད་པ་དང་འབྲེལ་ས་གནས་སྲིད་གཞུང་ལ་ལེ་ལག་ཚང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ན་ནིང་ཐོན་ནུས་གཅོག་པའི་བརྒྱུད་རིམ་ནང་གི་ལས་བཟོ་ཁྲི་72ལྷག་ཙམ་བཀོད་སྒྲིག་འོས་འཚམ་བྱས་ཡོད། འོན་ཀྱང་ལས་བཟོ་ཁག་གཅིག་རྒྱུ་རྐྱེན་གཞན་གྱིས་རྐྱེན་པས་ལས་ཞུགས་ཀྱི་ལས་གནས་གསར་པའི་ཐོག་སྐྱོད་མེད། དེ་ནི་ལས་བཟོ་དང་ཁེ་ལས་ཁག་གཅིག་དབར་བརྩེ་དུང་ཟབ་པས་དུས་ཚོད་མང་ཙམ་སྡོད་འདོད་ཡོད་པས་ཡིན། འོན་ཀྱང་ཁོང་ཚོའི་འཚོ་བར་རྟེན་ས་ཡོད་པ་རེད།
          འདི་ལོ་ཐོན་ནུས་གཅོག་པའི་ཁྱབ་ཁོངས་དེ་སོལ་གློག་ཁྱབ་ཁོངས་སུ་རྒྱ་ཆེར་གཏོང་དགོས་པའི་ཁར་ན་ནིང་གི་བཀོད་སྒྲིག་བྱས་མེད་པའི་ལས་བཟོ་ཁག་གཅིག་བསྣན་ཚེ། རིམ་རྩིས་བྱས་ན་མི་ཁྲི་བརྒྱ་ཙམ་བཀོད་སྒྲིག་བྱེད་དགོས་ཀྱི་ཡོད། ང་ཚོའི་ཐབས་ཤེས་ནི་སྔར་བཞིན་ལས་གནས་གསར་པ་གཏོད་རྒྱུ་དེ་ཡིན། གང་ལགས་ཤེ་ན། ང་ཚོས་སྒུལ་ནུས་གསར་པ་སྐུལ་འདེད་དང་འཕེལ་རྒྱས་གཏོང་གི་ཡོད། ད་གིན་ངས“གཉིས་གཏོད”ཀྱིས་ལས་ཞུགས་གསར་པ་འབོར་ཆེན་སྐུལ་ཁྲིད་སྐོར་གླེང་བ་དེ་ནི་དོན་དངོས་ཐོག་སྲོལ་རྒྱུན་སྒུལ་ནུས་ཀྱི་ལས་ཤུགས་མང་དག་ཅིག་གཞན་སྒྱུར་བྱས་པ་དང་སྒུལ་ནུས་གསར་རྙིང་དེ་སྲོལ་རྒྱུན་ཐོན་ལས་སུ་གཞན་སྒྱུར་བྱས་པ་དེས་གསོན་ཤུགས་གསར་པ་སྦྱིན་པ་མ་ཟད། ལས་ཞུགས་ཀྱི་ལས་གནས་གསར་པའང་ཐོན་ཡོད། ང་ཚོས་སྣང་མེད་ལྷོད་གཡེང་བྱས་མེད་པ་སྨོས་མེད་རེད། དེས་མ་ཚད་ཆེད་དོན་ཐེབས་རྩ་མུ་མཐུད་ཡག་པོ་སྤྱོད་པ་དང་འབྲེལ། ས་གནས་སྲིད་གཞུང་ལ་ལེ་ལག་ཚང་བ་བྱེད་དགོས་པའི་བླང་བྱ་འདོན་གྱི་ཡིན། དུས་མཚུངས། ཁེ་ལས་ཀྱིས་ཀྱང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དགོས།
           ཁྲལ་གྲོན་ཆག་ཡང་གི་གནད་དོན་སྐོར།
          ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ང་ཚོས་བརྟག་ཞིབ་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བར། ཁེ་ལས་འགའ་ཞིག་གིས་ཁྲལ་གྲོན་ཁུར་པོ་ལྕི་དྲགས་ནས་དཀའ་ལས་ཇི་ལྟར་བརྒྱབ་ཀྱང་ཡོང་འབབ་མེད་པའི་འཁང་ར་བྱེད་པ་དང་། འཛད་སྤྱོད་པས་ཀྱང་སྤུས་རྟགས་རྩེ་གྲའི་ཐོན་ཟོག་རྒྱལ་ནང་དུ་ཐོན་སྐྱེད་བྱེད་ཐུབ་ཀྱི་མེད་པའི་འཁང་ར་བྱེད་ཀྱི་འདུག་པས། ཙུང་ལི་མཆོག་གིས་གནད་དོན་འདིར་གཟིགས་སྟངས་ཅི་འདྲ་ཡོད་དམ། སྔར་བས་ལེགས་བཅོས་བྱེད་པའི་སྲིད་ཇུས་དང་བྱ་ཐབས་གང་དག་ཡོད་དམ།
           ལི་ཁེ་ཆང་། ངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཡིག་ཚོགས་མང་པོ་སྤྱད་དེ་བྱ་ཐབས་སྣ་ཚོགས་བཏོན་ནས་ནན་བཤད་བྱས་ཡོད་དེ། འདི་ལོ་ཁྲལ་གྲོན་དང་ལྷག་པར་དུ་རིགས་འདྲ་མིན་སྣ་ཚོགས་དང་ཁེ་ལས་ཀྱིས་འཁུར་བཟོད་མ་ཐེགས་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་ཤུགས་ཆེན་པོ་གཅོག་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན། གྲོན་དངུལ་དེ་དག་མ་གཞི་སྤྱོད་ཁུངས་ཡོད་དེ་ཁག་གཅིག་མི་གསོ་སྐྱོང་ལ་སྤྱོད་ཀྱི་ཡོད་མོད། འོན་ཀྱང་གྲོན་དངུལ་ཆག་ཡང་བཏང་ཚེ་སྲིད་གཞུང་གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་དགོས་འཁེལ་རྒྱུ་རེད། ཀྲུང་དབྱང་སྲིད་གཞུང་གིས་འགོ་ཁྲིད་ནས་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་ཚང་མ་5%ཡན་ཉུང་དུ་གཏོང་རྒྱུ་ངས་ཁ་གསལ་བཏོན་ཡོད། ང་རང་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། ས་གནས་མང་པོའི་སྲིད་གཞུང་གིས་ཀྱང་དེ་ལྟར་བྱེད་རྩིས་ཡོད་ཚུལ་ཤོད་ཀྱི་འདུག ང་ཚོ་སྲིད་གཞུང་གིས་དཀའ་ངལ་ཁྱད་བསད་བྱས་ནས་ཁེ་ལས་ལ་སྟབས་བདེ་བསྐྲུན་ཏེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་ཐོག་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ང་ཚོས་ད་དུང་དྲ་རྒྱའི་གྲོན་དངུལ་དང་། གློག་རིན། ཟོག་འགྲེམས་མ་གནས་གཅོག་པ་སོགས་ཀྱི་བྱ་ཐབས་བརྒྱུད་འདི་ལོ་ཁྲལ་གྲོན་ཆག་ཡང་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་ལོན་པ་གཏོང་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། ཨ་ཅང་ཅང་། ད་དུང་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་རྩ་བའི་ཆ་ནས་དམའ་རུ་གཏོང་རྒྱུ་ཡིན།
          འཛད་སྤྱོད་པས་ཀྲུང་གོའི་ཐོན་རྫས་ཁག་གཅིག་ཡག་པོ་མི་འདུག་ཅེས་འཁང་ར་བྱས་པའི་ཐོག་ནས། ང་ཚོའི་ཁེ་ལས་ཀྱིས་སོ་སོའི་ཐོན་རྫས་དག་སྤུས་ཚད་དུས་རབས་སུ་སླེབས་པར་བྱེད་དགོས་པ་གསལ་བཤད་བྱས་ཡོད་ལ། དེ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་ནང་དོན་གཙོ་བོ་ཡང་ཡིན་པ་རེད། ང་ཚོས《ཀྲུང་གོའི་ལན་པར2025》ལག་བསྟར་བྱེད་པ་ནི། ཁེ་ལས་ཁག་གི་ཐོན་རྫས་དང་སྒྲིག་ཆས་ཀྱི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་ཡིན། རྒྱལ་སྤྱིའི་ཐོག་ཏུ་ཀྲུང་གོས་ནང་འདྲེན་བྱེད་ཚད་ཉུང་དུ་བཏང་ནས་སྒོ་དབྱེ་རྒྱ་ཅུང་ཆུང་དུ་གཏོང་རྒྱུ་ཡིན་མིན་སྐོར་གྱི་གླེང་ཕྱོགས་ཤིག་ཡོད་པ་དེ་ནི་གོ་ནོར་ཐེབས་པ་ཞིག་ཡིན། ཀྲུང་གོའི་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་བཏང་ནས་ཐོན་ལས་དག་འབྲིང་བ་དང་རྩེར་སོན་ཕྱོགས་སུ་སྒྱུར་བར་སྒོ་དབྱེ་རྒྱ་སྔར་བས་ཆེ་རུ་བཏང་ནས་རྒྱལ་ཕྱིའི་སྔོན་ཐོན་ལག་རྩལ་དང་ཐོན་རྫས་སྔར་བས་མང་བ་ནང་འདྲེན་བྱེད་དགོས། ང་ཚོས་ཀྱང་ཤེས་བྱའི་བདག་དབང་སྲུང་སྐྱོང་ནན་པོ་བྱས་ནས་ཀྲུང་ཕྱིའི་ཁེ་ལས་གཉིས་ཁེ་ཡོང་བར་བྱ་རྒྱུ་ཡིན། འཛད་སྤྱོད་པ་དཀྱུས་མར་མཁོ་བའི་ཐོན་རྫས་སྤུས་ལེགས་ཁག་གཅིག་རེ་ཞིག་མཁོ་འདོན་བྱེད་མི་ཐུབ་པར་དམིགས་ནས། ང་ཚོས་འགག་སྒོའི་དཔྱ་ཁྲལ་ཉུང་དུ་བཏང་ནས་ནང་འདྲེན་བྱེད་ཚད་མང་དུ་གཏོང་རྒྱུར་ཡང་བསམ་བློ་གཏོང་སྲིད། མདོར་བསྡུས་ན། འཛད་སྤྱོད་པར་གདམ་ག་སྔར་བས་མང་བ་མཁོ་འདོན་བྱས་ནས་ཕན་པ་ཐོབ་པར་བྱ་རྒྱུ་ཡིན། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ང་ཚོའི་ཁེ་ལས་ཁག་ལ་བཟོ་པའི་སྙིང་སྟོབས་དར་སྤེལ་གཏོང་དུ་བཅུག་ནས་སོ་སོའི་ཐོན་རྫས་ལ་འཛད་སྤྱོད་པའི་ཡིད་ཆེས་ཐོབ་ཏུ་འཇུག་རྒྱུ་དེ་རེད།
          ཐའེ་དབན་གྱི་གནད་དོན་སྐོར།
          ཐའེ་དབན་《མཉམ་འབྲེལ་ཚགས་པར་》གྱི་གསར་འགོད་པ། ན་ནིང་ཚུན་དུ་ངོགས་གཉིས་པོའི་འབྲེལ་བ་རྙོག་དྲ་ཇེ་ཆེར་ཕྱིན་ནས་འབྱུང་འགྱུར་གྱི་གནས་ཚུལ་ལ་མི་རྣམས་ཀྱིས་སེམས་ཆེན་པོ་བྱེད་ཀྱི་ཡོད། གནས་ཚུལ་དེ་འདྲའི་མདུན་དུ་སྐམ་ས་ཆེན་པོས་ཇི་ལྟར་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་དང་དེ་བཞིན་ངོགས་གཉིས་ཀྱི་སྤུན་ཟླ་ཚོའི་བདེ་སྐྱིད་སྲུང་སྐྱོང་བྱེད་དགོས་སམ།
         ལི་ཁེ་ཆང་། ངོགས་གཉིས་ནི་ཤ་རུས་འདྲེས་པ་དང་བརྩེ་དུང་རྒྱ་མཚོ་ལས་ཟབ་པའི་སྤུན་ཟླ་རེད། གླིང་ཕྲན་ནང་གི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་ཕྱིན་ནའང་ངོགས་གཉིས་ཀྱི་བརྩེ་དུང་གི་འབྲེལ་བ་གཅོད་ཐབས་མེད་པ་དང་། ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་ངོགས་གཉིས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཐབས་མེད་ལ། ང་ཚོས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་དྲང་སེམས་ལའང་འགྱུར་ལྡོག་གཏོང་ཐབས་མེད།
          ང་ཚོས་ཐའེ་དབན་ལ་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དང་ཁ་གསལ་གཏིང་གསལ་ཞིག་རེད། དེར་བརྟེན་ཀྲུང་གོ་གཅིག་གི་རྩ་དོན་ཡིན་པའི“དགུན་གཉིས་ཐུན་མོང་ངོས་འཛིན”གྱི་ཆབ་སྲིད་རྨང་གཞི་མཐའ་གཅིག་ཏུ་མངོན་པ་བྱེད་པ་དང་། “ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཐའེ་དབན་མཚོ་འགག་གི་ཞི་བདེ་སྲུང་སྐྱོང་བྱེད་པ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་ངོགས་གཉིས་ཀྱི་སྤུན་ཟླ་ཚོར་བདེ་སྐྱིད་སྐྲུན་དགོས།
          སྨུག་རྡུལ་བཅོས་སྒྲིག་སྐོར་གྱི་གནད་དོན།
         《ཤིན་ཅིང་ཚགས་པར་》གྱི་གསར་འགོད་པ། ལོ་དེ་དག་རིང་སྨུག་རྡུལ་དེ་མི་སེར་གྱི་སེམས་ནང་གི་ན་ཚ་ཞིག་ཏུ་གྱུར་ནས་ཚང་མའི་འཚོ་བར་ཤུགས་རྐྱེན་ངན་པ་ཕོག་གི་ཡོད་ནའང་རྟག་ཏུ་གལ་ཆེའི་བྱེད་སྒོ་སྤེལ་སྐབས་དགུང་སྔོན་པོར་གྱུར་ནས་ཚང་མས་དགའ་སྤྲོའི་ངང་པར་བརྒྱབ་ནས་གྲོགས་ཚོགས་ནང་བསྐུར་གྱི་ཡོད། ཙུང་ལི་མཆོག་ལ་བཀའ་འདྲི་ཞུ་རྒྱུར་ཇི་ལྟར་བྱས་ནས་རྒྱུན་བསྲིང་ཐུབ་པའི་དགུང་སྔོན་དེ་རྒྱས་སྤྲོས་དངོས་རྫས་ཤིག་ཏུ་མི་གྱུར་བ་བྱེད་དགོས་སམ།
           ལི་ཁེ་ཆང་། སྨུག་རྡུལ་གྱི་གནད་དོན་དེ་དངོས་འབྲེལ་མང་ཚོགས་ཀྱི་ན་ཚ་ཞིག་རེད། དགུང་སྔོན་དེ་མཁའ་རླུང་དང་འདྲ་བར་མི་ཚང་མར་འདྲ་མཉམ་ཡིན་པ་དང་ང་ཚོ་དེ་གར་ཡོད་པའི་ལྷན་རྒྱས་ཚང་མས་རྟག་ཏུ་དགུང་སྔོན་པོར་རྟག་ཏུ་མཐོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཀྲུང་གོ་འཕེལ་རྒྱས་ཁྲོད་ཁོར་ཡུག་སྲུང་སྐྱོང་དང་ལྷག་པར་དུ་སྨུག་རྡུལ་གནད་དོན་གྱི་འགྲན་སློང་དངོས་འབྲེལ་འཕྲད་ཀྱི་ཡོད། ངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བྱེད་ཐབས་ཁག་ལྔ་བརྗོད་ཡོད་པས་བློ་བརྟན་འགྱུར་མེད་ངང་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས“དགུང་སྔོན་སྲུང་སྐྱོང་གི་དམག་འཐབ”ངོ་མ་ཞིག་རྒྱག་སྲིད་རུང་ཁྱེད་ཚོར་ཁ་རི་ཁ་ཐུག་བརྗོད་ན་བརྒྱུད་རིམ་ཞིག་དགོས་ངེས་རེད།
          རང་བྱུང་ཁམས་ཆེ་མོའི་དྭངས་འཐིབ་དང་ཆར་རླུང་ནི་མིའི་རིགས་ཀྱིས་བཀོལ་སྤྱོད་ཆོག་པ་ཞིག་མ་ཡིན་མོད། འོན་ཀྱང་ང་ཚོས་ང་ཚོའི་བྱ་སྤྱོད་བཀོལ་སྤྱོད་བྱས་ཆོག་ལ་ང་ཚོའི་འཕེལ་རྒྱས་གཏོང་ཐབས་ལའང་འགྱུར་ལྡོག་བཏང་ཆོག ང་དང་ཁྱེད་ཚོའི་བསམ་བློ་གཏོང་སྟངས་གཅིག་པ་རེད། སྨུག་རྡུལ་བཅོས་སྒྲིག་བྱེད་དགོས་ངེས་རེད། དགུང་སྔོན་དེ་འབྱུང་འགྱུར་རྒྱས་སྤྲོས་དངོས་རྫས་ཤིག་ཏུ་འགྱུར་མི་སྲིད་ལ་འགྱུར་མི་འོས་པ་ཤིག་རེད།