མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མི་དམངས་ཀྱི་ཁྲོད་ནས་རྒྱལ་སྲིད་སྐྱོང་བའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་དང་ལྷན་དུ་རྒྱལ་དོན་གྲོས་མོལ་གནང་བའི་གནས་ཚུལ་ཚང་མ་བཀོད་པ།
         ཉིན་ཤས་བསྟུད་མར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཧྲང་ཧའེ་དང་། ལེའོ་ཉིང་། སི་ཁྲོན། ཤིན་ཅང་། བཅིངས་འགྲོལ་དམག་བཅས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་སོ་སོར་ཞུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཕེབས་པའི་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་མ་ཟད། ད་དུང་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལའང་ཞུགས་པ་རེད།
           སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ནས་ཐེངས་ལྔ་པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཚོགས་པ་དང་ཚོགས་ཆུང་གི་གྲོས་ཞིབ་དང་གྲོས་བསྡུར་ནང་ཐེངས་30ཞུགས་ཏེ་འཐུས་མི་དང་ཨུ་ཡོན་230ལྷག་ཙམ་གྱི་གཏམ་བཤད་ངོ་ཐུག་གདོང་འཕྲད་ཀྱི་སྒོ་ནས་གསན་ཡོད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་སྐུལ་འདེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། ནང་སྲིད་དང་། ཕྱི་འབྲེལ། རྒྱལ་སྲུང་། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་བཅོས་སྐྱོང་སོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་དང་ཨུ་ཡོན་ཚོ་དང་ལྷག་བསམ་ཟོལ་མེད་ངང་སྤེལ་རེས་དང་། ཐུན་མོང་ཐོག་ཏུ་རྒྱལ་དོན་གྲོས་མོལ། ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་ཐབས། འབྱུང་འགྱུར་ཇུས་འགོད་བཅས་གནང་བ་མ་ཟད། ད་དུང་མི་དམངས་ཀྱི་སྣེ་ཁྲིད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཕྱོགས་སུ་དབུ་འཕང་བཏེགས་ནས་གོམ་ཞེང་ཆེན་པོས་མདུན་སྐྱོད་དང་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་གནང་ཡོད།
         ཁ་དན་ཚིག་གནས་ཀྱི་འགན་འཁྲི་དང་ལས་འགན།
         “ངས་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབ་པ་དང་། མེས་རྒྱལ་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ། རང་འགན་ནན་གྱིས་སྒྲུབ་པ། གཞུང་དོན་བསྒྲུབ་རྒྱུར་རྟག་ཏུ་འབད་པ། མི་དམངས་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཀྱི་ཆེད་དུ་ནུས་ཤུགས་གང་ཡོད་འདོན་པ། མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ་བཅས་ལས་འཐུས་མི་ཚོ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་མངགས་བཅོལ་གནང་བ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན”
         ལོ་བཞིའི་གོང་གི་2013ལོའི་ཟླ་3ཚེས་17ཉིན་མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་གཤོང་བའི་ཚོགས་ཁང་ནང་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྡིར་བ་ལྟར་གྲགས་པ་དང་མི་ཀུན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་མ་ཐག་པའི་ཞི་ཅིན་ཕིང་གིས་མི་དམངས་ལ་དཔལ་དང་གཟི་བརྗིད་ལྡན་པའི་སྒོ་ནས་དེ་ལྟར་ཞལ་བཞེས་གནང་ཡོད།
          དུས་ཚོད་བྱ་འཕུར་བ་ལྟར་སོང་ནའང་གསུང་བཤད་ད་ལྟ་རང་གནང་བ་ལྟར་སྣང་།
          ཚོགས་འདུ་ཐེངས་དང་པོ་ནས་ལྔ་པ་བར་གྱི་གཟིགས་སྐྱོང་མཚུངས་ཟླ་མ་མཆིས་པའི་བཀའ་འདྲི་དང་ཚིག་ཚོ་ལ་ནན་པའི་ཁྲིད་སྟོན་ལ་སོགས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཏེ་རྒྱལ་ཁབ་ཀྱི་ཆེས་མཐོའི་གྲོས་མོལ་ཚོམས་ཆེན་དེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྲིད་སྐྱོང་བའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལམ་བུ་དང་དེ་བཞིན་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རླབས་ཆེན་ལག་ལེན་གྱི་བདེན་དཔང་བྱས་ཡོད།
         ཐབས་ཇུས་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། མང་ཚོགས་ཁྲོད་དུ་བསྐྱོད་པ། སྲིད་དོན་བརྩོན་སྐྱོང་གནང་། ལོ་བཞིའི་རིང་གི་ཚོགས་འདུ་ཐེངས་ལྔའི་ཐོག་ཐོན་པའི་སྤེལ་རེས་མཉམ་གླེང་གི་མི་སེམས་འགུལ་བའི་རྣམ་པ་སྣ་ཚོགས་མི་རྣམས་ཀྱིས་བརྗེད་པར་དཀའ།
         དེ་ནི་ཤ་རུས་འདྲེས་པ་ལྟ་བུའི་བརྩེ་དུང་ཟབ་མོ་ཞིག་ཡིན།
          2017ལོའི་ཟླ་3ཚེས་11ཉིན་གྱི་དགོང་མོ་མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཚོམས་ཆེན་ལྒང་བཞུ་དམར་པོས་བརྒྱན་པ་དང་ཚོམས་ཆེན་ནས་སྙན་འཇེབས་ལྡན་པའི་རོལ་དབྱངས་དལ་གྱིས་གྲགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཕེབས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་ཞལ་འཛོམས་གནང་ཡོད།
          མའེ་མའེ་ཐེ་དབྱི་པུ་རེ་དབྱི་མུའུ·མའེ་མའེ་ཐེ་མིང་སྤྱི་ཁྱབ་ཧྲུའུ་ཅིའི་གམ་དུ་བསྡད་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེ་ཆེན་པོས་ཁོང་དང་སྤེལ་རེས་གནང་བ་མ་ཟད། ད་དུང་ཁོང་ལ་དེར་འཁྲབ་སྟོན་བྱེད་པའི་ལེ་ཚན་ལ་ཁྱད་ཆོས་ཇི་ཡོད་འགྲེལ་བཤད་ཀྱང་བསྐྱོན་པ་རེད།
         མའེ་མའེ་ཐེ་དབྱི་པུ་རེ་དབྱི་མུའུ·མའེ་མའེ་ཐེ་མིང་གིས་ཤིན་ཅང་རྒྱལ་ས་པེ་ཅིང་དང་ཐག་རིང་པོ་ཡོད་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་སེམས་ང་ཚོ་དང་ཧ་ཅང་ཉེ་པོ་འདུག་ཅེས་བཤད།
         ཉིན་གཅིག་གོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་དང་མའེ་མའེ་ཐེ་དབྱི་པུ་རེ་དབྱི་མུའུ·མའེ་མའེ་ཐེ་མིང་དབར་ལ་ལྷག་བསམ་ཟོལ་མེད་ཀྱི་སྤེལ་རེས་ཐེངས་ཤིག་བྱུང་ཞིང་།
         མའེ་མའེ་ཐེ་དབྱི་པུ་རེ་དབྱི་མུའུ·མའེ་མའེ་ཐེ་མིང་གི་སྔོན་གཏན་འཁེལ་བའི་གཏམ་བཤད་མཇུག་འགྲིལ་རྗེས་ཡང་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིར“ངས་ད་དུང་དོན་དག་གཅིག་སྙན་སེང་ཞུ་རྒྱུ་ཡོད”ཅེས་ཞུས་པ་རེད།
         “སྨྲོས་དང”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་རེད།
         “སྔོན་མ་ཨ་ཁུ་ཁུར་པན་ལགས་པེ་ཅིང་དུ་མའོ་ཀྲུའུ་ཞི་མཇལ་བར་སོང་བ་རེད། དེ་རིང་ང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་བྱུང”ཞེས་བརྗོད་པར་ཚོགས་ར་ཡོངས་ནས་ཐལ་མོ་རྡེབ་སྒྲ་ཡང་ཡང་གྲགས།
         “ཡུན་རིང་མ་སོང་གོང་ཁྱེད་ཀྱིས་ཨ་ཁུ་ཁུར་པན་ལགས་ཀྱི་ནང་མིར་ཡིག་ལན་ཞིག་བསྐུར་གནང་བ་ལས་ཁོང་ཚོ་ནང་མི་ཚང་མར་དགའ་བ་དཔག་མེད་བྱུང་འདུག
         ད་ཐེངས་ང་ལ་འདྲ་པར་འགའ་ཞིག་ཁྱེད་ལ་བསྟན་རྒྱུར་བསྐུར་བ་མ་ཟད། ད་དུང་ཁྱེད་ལ་ཐུགས་བློ་བདེ་པོ་གནང་རོགས། ང་ཚོ་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། སེའུ་འབྲུ་བཞིན་གཅིག་གིས་གཅིག་ལ་དམ་པོར་སྦྲེལ་ནས་གནས་པར་བྱེད་ངེས་ཡིན་ཞེས་ཞུ་རོགས་ཀྱང་ཟེར་གྱི་འདུག”
          “དངོས་འབྲེལ་ནང་མི་མང་པོ་འདུག”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདྲ་པར་ཞིབ་པར་གཟིགས་ཀྱིན་ང་སློབ་ཆུང་དུ་འགྲོ་སྐབས་སློབ་དེབ་ཅིག་ནང་ནས་ཨ་ཁུ་ཁུར་པན་གྱིས་བོང་བུ་བཞོན་ནས་པེ་ཅིང་དུ་མའོ་ཀྲུའུ་ཞི་མཇལ་བར་སྐྱོད་པ་ཞེས་པའི་སྒྲུང་གཏམ་ཞིག་མཐོང་མྱོང་ཡོད་ཅེས་གསུངས་པ་རེད།
         “ཁོང་ཚོ་ཚང་མ་ད་ལྟ་ས་གནས་དེ་གར་འཚོ་བ་སྐྱེལ་གྱི་ཡོད་དམ། ཡང་ན་ཕྱི་རུ་སོང་ངམ”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་གནང་།
           “མང་ཆེ་བ་གྲོང་ཚོར་ཡོད། ཁོང་ཚོར་ཐུགས་ཁྲལ་གནང་དགོས་མེད། འཚོ་བ་ཡག་ཐག་ཆོད་ཡོད”ཅེས་མའེ་མའེ་ཐེ་དབྱི་པུ་རེ་དབྱི་མུའུ·མའེ་མའེ་ཐེ་མིང་གིས་ལན་བཏབ་པ་རེད།
          2016ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཅོག་རོང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་པིས་ཧྲེང་ཀྲུང་དང་སྐར་མ་20ལྷག་ཙམ་བཀའ་མོལ་གནང་།
         གྲོང་ཚོའི་ནང་ས་བོན་གང་འདེབས་མིན་དང་། ནོར་ལུག་སྡོམ་གསོ་དང་ཆུ་ཐོན་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཇི་འདྲ་གཏོང་མིན། གྲོང་ཚོའི་ས་ཕག་བཟོ་གྲྭར་ཐོན་སྐྱེད་མང་དྲགས་པའི་གནད་དོན་ཡོད་མེད་བཅས་ནས་གྲོང་ཚོའི་མི་རིགས་མཐུན་སྒྲིལ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་བར་གྱི་གནས་ཚུལ་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་ཞིབ་ཚགས་པོ་དེ་འདྲ་གནང་བ་པིས་ཧྲེང་ཀྲུང་གི་བསམ་ཡུལ་ལས་འདས།
           འདི་ལོ་སླར་ཡང་པེ་ཅིང་དུ་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུར་ཞུགས་པར་ཡོང་བའི་འཐུས་མི་པིས་ཧྲེང་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅིར“གྲོང་ཚོས་དེ་སྔའི་ས་ཕག་བཟོ་གྲྭའི་སྒོ་བརྒྱབ་སྟེ་ཨར་ལས་རྒྱུ་ཆ་བཟོ་གྲྭ་གསར་པ་ཞིག་བཙུགས་ནས་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཕྱུག་འགྱུར་ལམ་དུ་བསྐྱོད་ཡོད། ལོ་འདིའི་ནང་གྲོང་ཚོར་འགྱུར་ལྡོག་གསར་པ་བྱུང་བ་སྟེ་འཚོ་བའི་གད་སྙིགས་དང་ཆུ་སྙིགས་དག་གཅིག་སྡུད་ཀྱིས་དེང་རབས་ཅན་གྱི་རྣམ་པའི་ཐོག་ནས་ཐག་གཅོད་བྱེད་པས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད”ཅེས་ཞུ་འདོད་ཆེན་པོ་བྱུང་།
          དེ་ནི་རེ་བས་ཕྱུག་པའི་ཡི་གེ་ཞིག་ཡིན་ཏེ།
          2015ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། ཀན་ཀྲོའུ་ནས་ཡོང་བའི་འཐུས་མི་མིང་ཅིང་ཧྭ་ཡིས་ལོ་བརྒྱར་སླེབས་པའི་དམར་དམག་རྒན་གྲས་ཝང་ཁྲེང་ཏེང་གིས་སྤྱི་ཁྱབ་ཧྲུའུ་ཅིར་བྲིས་པའི་ཡི་གེ་ཞིག་འཁྱེར་ཡོང་བ་རེད། ཝང་ཁྲེང་ཏེང་གིས་ཡི་གེའི་ནང་རྒྱལ་ཁབ་ཀྱིས་ཅང་ཤིས་ཞིང་ཆེན་ལྷོ་རྒྱུད་ཀྱི་ཇ་ཤིང་དང་པད་ཁ་སོགས་དབུལ་སྐྱོར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཤིས་ཞིང་ཆེན་ལྷོ་རྒྱུད་དུ་གནས་ཚུལ་མཁྱེན་རྟོགས་གནང་བར་ཕེབས་རྒྱུའི་རེ་བའང་ཡོད་ཅེས་འཁོད་ཡོད་པ་རེད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡི་གེ་དེ་བཞེས་པ་མ་ཟད། ད་དུང་ཅང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཡི་གེ་དེ་ཚང་མའི་ཁྲོད་ལྗགས་ཀློག་གནང་བ་རེད།
          “ངས་གཏམ་བཤད་བྱེད་རིང་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གླེང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་མཆོག་ལ་ཅང་ཤིས་ཞིང་ཆེན་ལྷོ་རྒྱུད་ཀྱི་ཇ་ཤིང་དང་པད་ཁའི་ཐོན་ལས་ཆེད་མངགས་ངོ་སྤྲོད་ཞུས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ཀྱང་གནད་དོན་དེའི་ཐད་བཀའ་འདྲི་གནང་བ་མ་ཟད། ད་དུང་ཅང་ཤིས་ཞིང་ཆེན་ལྷོ་རྒྱུད་ཀྱི་ཇ་ཤིང་དང་པད་ཁའི་ཐོན་ལས་ཀྱི་འཕེལ་རྒྱས་ཆེན་པོར་སྐུལ་འདེད་ཀྱང་བཏང་གནང་བ་རེད”ཅེས་འཐུས་མི་མིང་ཅིང་ཧྭ་ཡིས་དྲན་གསོ་བྱེད་ཀྱིན་བཤད།
          རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་སྐར་ཁུང་ཞིག་དང་འདྲ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ནས་གཞི་རིམ་གྱི་བསམ་ཚུལ་གསན་གྱི་ཡོད་ལ་མི་དམངས་ཀྱི་བདེ་སྡུག་ཀྱང་མཁྱེན་རྟོགས་གནང་གི་ཡོད། མི་དམངས་མང་ཚོགས་ཀྱིས་ཀྱང་སྐར་ཁུང་དེ་བརྒྱུད་མི་དམངས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ནུས་ཤུགས་འདོན་པའི་སྤྱི་ཁྱབ་ཧྲུའུ་ཅིའི་ལྷད་མེད་ཀྱི་བརྩེ་སེམས་ཚོར་ཡོད་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཡང་མཐོང་ཡོད།
          མི་དམངས་ཀྱི་བསམ་འདུན་སེམས་ལ་བཞག་ནས་མི་དམངས་ཀྱི་ཁྲོད་དུ་བསྐྱོད་པ།
         དོ་ནན་ཆེ་བའི་མི་རྣམས་ཀྱིས་ཆོས་ཉིད་འགའ་ཞིག་ཕྱོགས་སྡོམ་བྱུང་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་རྗེས་རྟག་ཏུ་དེའི་ཁྲོད་ཀྱི་ཞིང་ཆེན་འགའ་ཞིག་བདམས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བར་ཕེབས་ཀྱི་ཡོད།
          2013ལོར་སྤྱི་ཁྱབ་ཧྲུའུ་ཅི་ལེའོ་ཉིང་འཐུས་མི་ཚོགས་པར་ཕེབས་ཏེ་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་ཁུལ་རྙིང་པ་དར་རྒྱས་གཏོང་རྒྱུའི་གནད་དོན་སྐོར་འཐུས་མི་ཚོ་དང་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད། ལོ་དེའི་ཟླ་བ་བརྒྱད་པར་ཁོང་ཏཱ་ལེན་དང་ཧྲེན་དབྱང་སོགས་སུ་ཕེབས་ཏེ་བཟོ་ལས་རྟེན་གཞི་ཁུལ་རྙིང་པ་ལེགས་སྒྲིག་སྒྱུར་བཅོས་དང་དར་རྒྱས་གོང་འཕེལ་གྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཡོད།
          2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧེ་ལུང་ཅང་དང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་སོ་སོར་ཞུགས་པ་རེད། ལོ་དེའི་ཟླ་བ་ལྔ་པ་དང་ཟླ་བ་བརྒྱད་པར་ཁོང་སྔ་རྗེས་སུ་ཧེ་ལུང་ཅང་དང་མཚོ་སྔོན་ཞིང་ཆེན་གཉིས་སུ་རྟོག་ཞིབ་གནང་བར་ཕེབས་ཏེ་རི་བོ་ཏ་ཤིང་ཨན་ལིང་གི་ནགས་ར་དང་། ཧེ་ཀྲེ་རིགས་ཀྱི་ཤང་དང་གྲོང་ཚོ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་སོགས་ཐད་ཀྱི་གནས་ཚུལ་ཡང་མཁྱེན་རྟོགས་གནང་ཡོད།
           སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་པའི་གནད་དོན་དང་ཤེས་རྟོགས་བྱུང་བའི་གནས་ཚུལ་ཐུགས་ལ་བརྟན་པོར་བཞག་སྟེ་གྲོང་ཚོ་དང་དུད་ཚང་དུ་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཁྱེན་རྟོགས་གནང་བར་ཕེབས་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟབ་གཟབ་ནན་ནན་ངང་མི་དམངས་ཀྱི་འབོད་སྒྲ་གསན་པ་དང་། ཟོལ་མེད་བརྩེ་བ་བཅངས་ནས་མི་དམངས་ཀྱིས་དོ་ཁུར་བྱེད་པར་ལྗགས་ལན་གསལ་པོ་སྤྲད་གནང་བ། རང་ཉིད་ཀྱིས་ཞལ་བཞེས་གནང་བ་བྱ་སྤྱོད་དངོས་ཀྱིས་སྒྲུབ་ཐབས་གནང་གི་ཡོད།
          འདི་ལོའི་ཚོགས་འདུར་འཐུས་མི་མང་པོས་མ་གྲོས་གཅིག་མཐུན་ངང་སྤྱི་ཁྱབ་ཧྲུའུ་ཅིར་གདན་ཞུའི་ཡི་གེ་ཕུལ་བ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་མཆོག་ང་ཚོའི་ཕ་ཡུལ་དུ་ཕེབས་ཏེ་མཛུབ་སྟོན་གང་མང་གནང་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།
          ཞི་ཅིན་ཕིང་གིས“ཚང་མའི‘གདན་ཞུའི་ཡི་གེ’ངས་ལེན་གྱི་ཡིན། གོ་སྐབས་བྱུང་ཚེ་ཁྱེད་ཚོའི་སར་ཏན་ཏན་ཡོང་གི་ཡིན”ཞེས་གསུངས།
         མི་དམངས་ལ་འཆང་བའི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་བརྩེ་སེམས།
          མི་དམངས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་ནས་ད་བར་ཐུགས་ཁུར་ཆེ་ཤོས་གནང་ས་ཞིག་རེད།
         ལོ་ལྟར་གྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་དང་ཨུ་ཡོན་ཚོ་དང་སྤེལ་རེས་མང་ཤོས་གནང་བ་ནི་དབུལ་སྒྲོལ་འགག་སྒྲོལ་དང་མི་དམངས་ཀྱི་བདེ་རྩའི་སྐོར་རེད།
          2013ལོར་ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་བྱས་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་སྐྲུན་དགོས་ཞེས་གསུངས་ཡོད།
          2014ལོར་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ལ་དམ་འཛིན་དེ་བས་ནན་པོ་དང་དེ་བས་ཏན་ཏིག་དང་ཡག་པོ་བསྒྲུབས་ཏེ་ས་ཁུལ་དབུལ་པོའི་མང་ཚོགས་ལ་ཕན་པ་དངོས་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད།
          2015ལོར་ཅང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁུལ་རྙིང་པའི་མང་ཚོགས་རྣམས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འཕེལ་རིམ་ཁྲོད་མ་ལུས་པ་བྱས་ཏེ་ཡུས་ཀུང་གི་བློ་སྟོབས་དར་སྤེལ་དང་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ཁུལ་རྙིང་པའི་མི་དམངས་རྣམས་ལ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས་ཞེས་གསུངས་ཡོད།
          2016ལོར་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་རིགས་སྒྲུབ་པའི་དུས་མཚམས་ཤིག་ཡིན་པས་ངེས་པར་དུ་སེམས་པ་གཅིག་ཏུ་བསྒྲིལ་ཏེ་ནུས་ཤུགས་ཡོད་རྒུ་དང་། མྱུར་ཚད་མགྱོགས་པོ། ནུས་སེམས་གཅིག་སྒྲིལ་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་དགོས་ཞེས་ནན་བཤད་གནང་ཡོད།
            འདི་ལོ་སི་ཁྲོན་དང་ཤིན་ཅང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སུ་ཞིག་ལ་རོགས་སྐྱོར་ཇི་ལྟར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། རོགས་སྐྱོར་ཇི་ལྟར་བྱེད་པ། ཕྱིར་འཐེན་ཇི་འདྲ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་གནད་སྨིན་ཡོང་བ་བྱེད་དགོས་པ་དང་། འགའ་ཞིག་ལ་ད་དུང‘འཚེམ་དྲུབ’ཀྱི་ཐབས་རྩལ་སྤྱོད་དགོས”ཞེས་དང“དམངས་འཚོར་ཕན་པའི་བྱ་བ་དངོས་མང་ཙམ་སྒྲུབ་དགོས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་རྟག་ཏུ་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་མང་ཙམ་བྱེད་དགོས”ཞེས་དམིགས་སུ་བཀར་ནས་བསྟན་གནང་ཡོད།
         —— གནད་སྨིན་དབུལ་སྐྱོར་མཐའ་འཁྱོངས་བྱེད་པར“ཤིག་གསོད་པར་སྟ་རེ་འཕྱར་མི་རུང”
         —— དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་དབུལ་སྐྱོར་བྱས་ནས་དབུལ་པོའི་སྣང་ཚུལ་བུ་རབས་ཚ་རྒྱུད་ལ་བརྒྱུད་སྤྲོད་བྱེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
          —— ཕྱི་ཚུལ་ཙམ་གྱི་བྱ་བ་ཉུང་ཙམ་བསྒྲུབས་ནས་རྒྱ་ཆེའི་མི་འབོར་དབུལ་པོར་ཕན་པའི་བྱ་བ་དངོས་མང་ཙམ་སྒྲུབ་དགོས།
         —— གྲངས་འབོར་གྱི་དབུལ་སྒྲོལ་གཏན་ནས་བྱེད་མི་རུང་།
         —— དབུལ་སྒྲོལ་བྱེད་པར་དོན་དངོས་དང་བྲལ་ནས་གང་བྱུང་དུ་སྔ་སྣུར་བྱེད་མི་རུང་།
         —— ཡང་བསྐྱར་དབུལ་ལོག་སྔོན་འགོག་དང་མུ་མཐུད་འགག་སྒྲོལ་གལ་ཆེ་མཉམ་རེད།
         མཐོང་བ་ཀུན་སྨོན་གྱི“དབུལ་སྐྱོར་གྱི་བཀའ་སློབ་ཡག་པོ”དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་དང་ཨུ་ཡོན་ཚོ་དང་སྤེལ་རེས་གནང་སྐབས་གསུངས་པ་ཞིག་རེད།
          མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྤྱི་ཁྱབ་ཧྲུའུ་ཅིས་དེ་བས་ཐུགས་ཁུར་གཟབ་གཞེས་གནང་གི་ཡོད།
         2015ལོར་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྐྱོར་འགག་སྒྲོལ་ལ་་དམ་འཛིན་ནན་པོ་དང་། དམ་འཛིན་གནད་སྨིན། དམ་འཛིན་འཕྱུགས་མེད་བཅས་བྱས་ནས་གནད་སྨིན་དབུལ་སྐྱོར་མཐའ་འཁྱོངས་དང་། ལས་དུས་ལ་ལྡོག་བཤེར། ཁ་གསལ་ཞིང་ཞིབ་ཕྲ་བའི་རྩིས་ཁྲ་བཟོ་བ་བཅས་བྱས་ནས་གྲངས་ཉུང་མི་རིགས་གཅིག་དང་ས་ཁུལ་གཅིག་ཀྱང་རྗེས་སུ་གཏན་ནས་མ་ལུས་པ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
          ལོ་ལྟར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཞིབ་དང་གྲོས་བསྡུར་ལ་ཞུགས་པའི་གོ་སྐབས་སྤྱད་ནས་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་དང་ལྷན་དུ་སྤེལ་རེས་གཏིང་ཟབ་གནང་སྟེ་ཁོང་ཚོའི་བསམ་བློ་གཏོང་ཕྱོགས་དང་རེ་སྒུག་བྱ་ཡུལ་མཁྱེན་རྟོགས་གནང་བའི་ཁར་ཁོང་ཚོ་དང་ལྷན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་ཆེན་ལ་ཇུས་འགོད་གནང་གི་ཡོད།
           ལོ་4ལྷག་ཙམ་གོང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་འཐུས་མི་ཚོགས་པར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་བཏང་སྟེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་མི་རྣམས་ཀྱིས་བློ་ལ་བརྟན་པོར་ངེས་ཡོད།
           སྤྱི་ཁྱབ་ཧྲུའུ་ཅིས་ཅང་ཤིས་འཐུས་མི་ཚོགས་པ་མི་རིགས་ཀྱི་གྱོན་ཆས་ལེགས་པར་སྤྲས་པའི་ལན་ཉན་དབྱིན་འཕྲད་སྐབས“ཁྱེད་ནི་ཧྲེ་རིགས་རེད་དམ” “ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་ཡོད་དམ”“ཁྱེད་ཚོའི་སར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཡོད་དམ”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་ཆེན་པོ་གནང་ལུགས་མི་རྣམས་ཀྱིས་བློ་ལ་བརྟན་པོར་ངེས་ཡོད།
         བྱ་བ་ཆེ་ཆུང་ཚང་མར་བརྩེ་སེམས་ཟབ་མོ་བཅངས།
          འདི་ལོ་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔོན་བརྙན་འཕྲིན་ཐོག་ལེའང་ཧྲན་ཀྲོའུ“གཡང་གཟར་གྲོང་ཚོ”དང་འབྲེལ་བ་ཡོད་པའི་གནས་ཚུལ་འཕྲིན་སྤེལ་མཐོང་བྱུང་། ལྷག་དོན་དུ་གྲོང་མིའི་འགྲོ་འོང་གནས་ཚུལ་མཐོང་སྐབས་སེམས་ཁྲལ་ཧ་ཅང་ཆེན་པོ་བྱུང་། ས་གནས་དེས་ལྕགས་སྐས་གསར་པ་བཟོས་པ་ཤེས་རྗེས་སེམས་ཅུང་ཞི་ལྷོད་དུ་ཕྱིན་སོང་ཞེས་གསུངས།
           “སེམས་ཁུར”དང“ཞི་ལྷོད”གཉིས་ཀྱི་བར་ལ་སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་མང་ཚོགས་ལ་བཅངས་གནང་བའི་བརྩེ་སེམས་ཟབ་མོ་རང་བཞིན་དུ་མངོན་ཡོད།
           བྱ་བ་ཆུང་ཙག་ཚང་མར་བརྩེ་སེམས་ཟབ་མོ་བཅངས།
         “ད་ལྟ་ཞིང་འབྲོག་པར་ཕྲུ་གུ་སྐྱེ་སྐབས་ཚང་མ་སྨན་ཁང་དུ་སྐྱོད་ཀྱི་ཡོད་དམ”“གྲོང་ཚོ་ཚང་མར་འཕྲོད་སྦྱོར་ཁང་ཡོད་དམ”“མཚོ་སྔོན་གྱི་ས་ཆ་ལ་ལའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་པས་ཞིང་འབྲོག་པ་ནད་ལྟ་སྐབས་ཐག་གཅོད་གང་འདྲ་བྱེད་ཀྱི་ཡོད་དམ”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་སྙིང་མོ་བྱམས་ལ་དྲི་བ་མང་པོ་བཏོན་གནང་བས། མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་ནས་ཡིན་པའི་སྨན་པ་དེས“དངངས་འཚབ་ཧ་ཅང་ཆེན་པོ་སྐྱེས་བྱུང”ཞེས་བརྗོད།
          སྐབས་དེ་དུས་འཐུས་མི་པི་ཧྲེང་ཀྲུང་དང་སྤེལ་རེས་གང་ལེགས་གནང་ནས་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་། པི་ཧྲེང་ཀྲུང་གིས་དགའ་ཚོར་ཆེན་པོའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ“ང་ཚོའི་ལུང་པའི་མི་སེར་ཚོས་ཁྱེད་ལ་དགའ་ཞེན་ཚད་མེད་བྱེད་ཀྱི་འདུག”ཅེས་ཞུས།
          “དངངས་འཚབ་ཚད་མེད་སྐྱེས་བྱུང”“དགའ་ཞེན་ཚད་མེད་བྱེད་ཀྱི་འདུག”ཅེས་པ་སོགས་འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཟོལ་མེད་སྤེལ་རེས་བྱས་ནས་རྒྱལ་དོན་ལ་མཉམ་དུ་གྲོས་མོལ་བྱེད་པའི་སྤྲོ་སེམས་གཅིག་ཏུ་འདུས་པ་དང་མི་དམངས་དུང་ཕྱུར་མང་པོའི་སེམས་པ་གཅིག་མཐུན་བྱུང་ཡོད།
          དཔའ་ངར་ཆེན་པོས་དུས་རབས་ཀྱི་མདུན་དུ་སྐྱོད་པའི་ལོ་རྒྱུས་འགན་འཁྲི།
          2017ལོའི་ཟླ་3ཚེས་7ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་ཞུམ་མེད་མདུན་སྐྱོད་དང་དབྱར་མཚོ་རྒྱས་པ་བཞིན་གྱི་དྲང་ནུས་ཀྱིས་ཁེངས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདི་གར་ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་བཞིན་མཆིས།
           འཐུས་མི་ཞུས་ཆང་ནི་ཁེ་ལས་ཀྱི་ཐོན་སྐྱེད་འཐབ་ས་དང་པོ་ནས་ཡིན་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིར“ལོ་ཁ་ཤས་གོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོར་ཞུགས་སྐབས་བདམས་མ་བྱུང་། སྐབས་དེ་དུས་མི་མང་པོས་ང་ལ་གཞན་གྱིས་ཁྱེད་ཀྱི་ཐ་མག་རྐང་གཅིག་ཀྱང་འཐེན་མེད་པ་དང་ཁྱེད་ཀྱི་ཨ་རག་ཧུབ་གང་ཡང་འཐུང་མྱོང་མེད་པས་ཁྱེད་འདེམས་སྲིད་དམ་ཞེས་སེམས་གསོ་གཏོང་མྱོང་ཡོད། རྗེས་སུ་ང་རང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་བྱུང་། དེ་ནི་རྩ་འཛུགས་དང་འདེམས་དམངས་ཚོས་ང་ལ་ཡིད་ཆེས་གནང་བ་ཞིག་རེད”ཅེས་ཞུས།
           “འགྱུར་ལྡོག་ཡོང་བ་འཇིག་རྟེན་ཆོས་ཉིད་རེད”ཅེས་ཞུས་ཆང་གིས་བརྗོད་པ་དང་། ཁོང་གིས་ད་ཆ་ལེའོ་ཉིང་གི་ཆབ་སྲིད་དར་སྲོལ་ཇེ་ལེགས་སུ་ཕྱིན་ཡོད། ང་ཚོས་བློ་གྲོས་དང་སྟོབས་ཤུགས་ཡོངས་རྫོགས་སྤྱད་ནས་རང་འཁྲིའི་ལས་དོན་ཡག་ཐོག་ཡག་བརྩེགས་ངང་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་བརྗོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་འཐབ་ས་དང་པོའི་བློ་མཐུན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བྱེད་པ་ནི་རང་རྒྱལ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་ཞིག་རེད་ཅེས་ནན་བཤད་གནང་ཡོད།
          ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དམར་ཐིག་ཚང་མར་ཁྱབ་ཡོད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་རྒྱས་བཤད་གནང་མང་ཤོས་ཀྱི་བཀའ་མོལ་གྱི་གྲས་ཤིག་རེད།
           2014ལོར་ཨན་ཧུའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་སྦྱོང་ནན་པོ་དང་། དབང་ཚོད་ནན་པོ། རང་གཅུན་ནན་པོ་བཅས་བྱེད་དགོས་ལ་ཇུས་འགོད་དྲང་པོ་དང་། ལས་ཀ་དྲང་པོ། མི་དྲང་པོ་བཅས་ཀྱང་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དུས་དེ་ནས་སྤེལ་འགོ་ཚུགས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་མུ་མཐུད་གཏིང་ཟབ་ཕྱོགས་སུ་སྤེལ་ཡོད།
           2015ལོར་ཅང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་རང་བྱུང་སྣོད་བཅུད་སྔོ་ཞིང་དྭངས་བ་ཞིག་དགོས་ལ་ཆབ་སྲིད་ཀྱི་ཁོར་ཡུག་ཀྱང་དྭངས་གཙང་ཡོང་བ་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་ནུས་ཤུགས་ཡོད་རྒུས“ཤིང་སྡོང་རུལ་པ”འགོག་པ་དང་། “འཛེར་ཤིང”བཅོས་པ། “གུག་ཤིང”འདྲོང་བ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ནུས་ཤུགས་ཡོད་རྒུས“རྩ་བཅོས”ནས“རྩ་ལག་མཉམ་བཅོས”སུ་བསྒྱུར་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་ཞེས་མཛུབ་སྟོན་གནང་ཡོད།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་མཁན་དང་། དྲང་པོ་དྲང་གཞག་བྱེད་མཁན། བྱ་བ་གཙང་མ་སྒྲུབ་མཁན་བཅས་ཀྱི་ལས་བྱེད་པ་བདམས་ནས་བྱ་བ་ཡག་པོ་མི་སྒྲུབ་མཁན་སེམས་རྣལ་དུ་མ་ཕབ་པ་དང་། སྟོང་བཤད་བྱས་ནས་སྡོད་མཁན་ལ་མདུན་ལམ་མེད་པ། དཔོན་གནས་རག་ཐབས་བྱེད་མཁན་ལ་ཁྲོམ་ར་མེད་པ། དཔོན་གནས་ཉོ་ཚོང་བྱེད་མཁན་ལ་ཆད་པ་ནན་པོ་ཕོག་པ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱེད་དགོས”ཞེས་བློ་བརྟན་འགྱུར་མེད་ངང་གསུངས་ཡོད།
          ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱེད་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་འགྲོ་ལམ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད།
          ཚོགས་འདུ་ཐེངས་དང་པོ་ནས་ཚོགས་འདུ་ཐེངས་ལྔ་པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་དང་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ཐད་འཐུས་མི་དང་ཨུ་ཡོན་ཚོ་དང་ལྷན་དུ་སྤེལ་རེས་གཏིང་ཟབ་གནང་ཡོད།
         —— གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་ལ་བརྟེན་དགོས།
          གཅིག་གྱུར་གྱི་གཞུང་ཁོངས་མ་རྩར་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་དང་རྨང་གཞིའི་དོ་དམ་ལས་ཀའི་མ་ལག་བསྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞུང་ཁོངས་མ་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་དང་། གཞུང་ཁོངས་མ་རྩའི་རིན་ཐང་བརྟན་སྲུང་དང་གནས་འཕར་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཞུང་ཁོངས་མ་རྩ་བར་སིམ་དང་ཉེན་ཁའི་དོན་རྐྱེན་ཚབས་ཆེན་མ་ཐོན་སྔོན་འགོག་བྱེད་དགོས།
          འབྱུང་འགྱུར་ལ་ཕྱོགས་པའི་འཐབ་ཇུས་ཀྱི་འདམ་ག
          2017ལོ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དུས་ཚོད་གལ་ཆེན་ཞིག་ཏུ་སླེབས་ཡོད་པ་སྟེ།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་བར་གྱི་ལོ་8ཀྱི་འཕེལ་རིམ་གྱི་ཕྱེད་ཀ་ལྷག་ཙམ་སོང་ཡོད།
           དུས་རབས་གོང་མའི་ལོ་རབས་80པའི་ལོ་འགོར་ཀྲུང་གོས་དེང་རབས་ཅན་འཛུགས་སྐྲུན་གྱི“གོམས་སྟབས་གསུམ་ལ་ཕྱེ་ནས་སྐྱོད་པའི”འཐབ་ཇུས་གོམ་སྟབས་སྤོ་འགོ་ཚུགས་པ་ནས་དུས་རབས་འདིའི་དུས་དཀྱིལ་དུ་དེང་རབས་ཅན་གྱི་དམིགས་ཚད་སྤྱིར་ན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཡང་ཏག་ཏག་ཕྱེད་ཀ་ལྷག་ཙམ་སོང་ཡོད།
          བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ཁོང་དུ་ཆུད་པར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཆང་བར་ཀྲུང་གོས་ངེས་པར་དུ་མདུན་སྐྱོད་ཀྱི་འགྲོ་ལམ་དུ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་གཅིག་ཏུ་བསྡུ་དགོས།
         “འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་གསར་གཏོད་ཡར་སྐུལ་ལ་སྣེ་ཁྲིད་བྱེད་དགོས”
         ཚོགས་འདུ་ཐེངས་དང་པོ་ནས་ཚོགས་འདུ་ཐེངས་ལྔ་པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྟར་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས་སྒྱུར་བཅོས་སྒོ་འབྱེད་དང་གསར་གཏོད་ལ་ཡར་སྐུལ་བྱེད་རྒྱུ་ནི་ངེས་པར་གླེང་དགོས་པའི་གླེང་བྱ་ཞིག་རེད་ཅེས་གསུངས་ཡོད།
         འདི་ལོ་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་སྐོར་གླེང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས“ཀྲུང་གོའི་སྒོ་འབྱེད་ཀྱི་རྒྱལ་སྒོ་ཆེན་པོ་རྒྱག་མི་སྲིད”ཅེས་མཛུབ་སྟོན་གནང་ནས་ཧྲང་ཧའེ་ཡིས“ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་ཀྱི་ཚོད་ལྟའི་ཞིང་ཁའི་རྒྱ་ཁྱོན་ཆེ་རུ་གཏོང་བའི་ནུས་པ་སྔར་བས་མངོན་པར་བྱས་ཏེ་རང་རྒྱལ་གྱིས་འཛམ་གླིང་ས་ཕྱོགས་གང་སར་སྒོ་འབྱེད་པའི་རྣམ་འགྱུར་གསལ་པོ་མངོན་པར་བྱེད་དགོས་པའི”བླང་བྱ་བཏོན་གནང་ཡོད།
          དེ་ནི་ཧྲང་ཧའེ་ལ་བཅངས་པའི་རེ་བ་ཟབ་མོ་ཡིན་ལ་རྒྱལ་ཡོངས་ལ་གཞི་ཚུགས་པ་དང་འཛམ་གླིང་ལ་ཕྱོགས་ནས་བཏོན་གནང་བའི་འཐབ་ཇུས་ཀྱི་འདམ་ག་ཞིག་དེ་བས་རེད།
         ཀོང་ཏུང་དང་ཧྲང་ཧའེ་ལྟ་བུའི་སྒྱུར་བཅོས་སྒོ་འབྱེད་ཀྱི་སྣེ་ཁྲིད་དམག་དང་བསྡུར་ཚེ་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པར་དེ་བས་ཛ་དྲག་པའི་གྲུབ་ཆ་ལེགས་སྒྲིག་གི་དཀའ་ཚེགས་ཕྲད་ཡོད།
         རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐེངས་ལྔ་འཚོག་རིང་བྱང་ཤར་ཞིང་ཆེན་གསུམ་གྱི་འཐུས་མི་ཚོགས་པར་ཐེངས་བཞི་ཕེབས་ཡོད། བྱང་ཤར་དར་རྒྱས་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་དོ་ཁུར་གནང་བའི་གནད་དོན་ཞིག་རེད།
          ལེའོ་ཉིང་གི་འཐུས་མི་ཚོགས་པ་དང་། ཅི་ལིན་གྱི་འཐུས་མི་ཚོགས་པ། ཧེ་ལུང་ཅང་གི་འཐུས་མི་ཚོགས་པ་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བྱང་ཤར་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་དང་འཕེལ་རྒྱས་གཏོང་བར‘བཟོ་ལས་ཐད་ཀ་བ་གཅིག་གིས་གནམ་འདེགས་པ་དང་གྲུབ་ཆ་རྐྱང་པ་ཡིན་པའི’‘མི་གཉིས་ཀྱི་འཁྲབ་གཞས’སླར་ཡང་འཁྲབ་རྒྱུ་མེད་པར་སྡོམ་འཐེན་སྒྱུར་བགོས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས”ཞེས་ནན་བཤད་གནང་ཡོད།
          འདི་ལོའི་ཟླ་3ཚེས་7ཉིན། ལེའོ་ཉིང་འཐུས་མི་ཚོགས་པར་སྤྱི་ཁྱབ་ཧྲུའུ་ཅིས་ཨན་ཀང་ངར་ལྕགས་ཚོགས་པའི་ཏུང་ཧྲི་ཀྲང་འཐུས་མི་ཐང་ཕུའུ་ཕིང་དང་སྤེལ་རེས་གནང་སྐབས་གནད་དོན་དེའི་ཐད་གཏིང་ཟབ་པའི་བསམ་གཞིག་གསལ་བཤད་ཁ་གསལ་གནང་ཡོད།
          སྤྱི་ཁྱབ་ཧྲུའུ་ཅིས“མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པ་ཞིག་ཏུ་སླེབས་པར་བྱེད་པའི་ལྡོག་མེད་ཀྱི་འདམ་ག་ཞིག་དང་། རྒྱུན་རྣམ་གསར་པའི་འོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཛིན་བྱེད་རྒྱུ་ལག་ལེན་བསྟར་བའི་ལྡོག་མེད་ཀྱི་འདམ་ག་ཞིག རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་འགལ་ཟླ་དང་དཀའ་ངལ་ལ་ཁ་གཏད་གཅོག་པའི་ཐབས་ཇུས་ནུས་ལྡན་ཞིག་བཅས་ཡིན་ལ་ལེའོ་ཉིང་འཕེལ་རྒྱས་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཀྱང་རེད”ཅེས་སྔར་བས་མཛུབ་སྟོན་གནང་ཡོད།
         འདི་ལོ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་རེད།
          དོན་དངོས་ཐོག་ཉེ་བའི་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཡི་འཐུས་མི་ཚོགས་པ་དང་ཧུའུ་ནན་གྱི་འཐུས་མི་ཚོགས་པ་སོགས་ཚོགས་ར་མི་འདྲ་བར་བྱ་ཐབས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཐད་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་གནང་ཡོད། ད་དུང་ན་ནིང་དང་འདི་ལོ་ཆེད་མངགས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཐད་བླང་བྱ་བཏོན་གནང་ཡོད།
           ལྗང་མདོག་འཕེལ་རྒྱས་དོན་གཉེར་བྱེད་པ་ནི་འཕེལ་རྒྱས་ཀྱི་འགུལ་ནུས་བརྗེ་སྒྱུར་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཁྲོད་དུ་ཡོད་དགོས་ངེས་ཀྱི་བྱ་ཐབས་ཤིག་རེད།
          སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་རེད།
         “ཁོར་ཡུག་ནི་དམངས་འཚོ་དང་། སྔོ་ཞིང་དྭངས་བའི་རི་བོ་ནི་ལྟ་ན་སྡུག་པ་ཞིག་ཡིན་ལ་གནམ་སྔོན་པོ་ཡང་བདེ་སྐྱིད་ཅིག་རེད”ཅེས་ཅང་ཤིས་ཀྱི་འཐུས་མི་ཚོགས་པར་སྤྱི་ཁྱབ་ཧྲུའུ་ཅིས་གསོན་ཉམས་ལྡན་པའི་ངང་གསུངས།
         མཚོ་སྔོན་གྱི་འཐུས་མི་ཚོགས་པར་སྤྱི་ཁྱབ་ཧྲུའུ་ཅིས་ཐབས་མཁས་ངང“མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པ་དང། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལའང་སྲུང་སྐྱོང་བྱེད་དགོས”ཞེས་དཔེ་བཞག་ནས་གསུངས།
         ཧེ་ལུང་ཅང་གི་འཐུས་མི་ཚོགས་པར་སྤྱི་ཁྱབ་ཧྲུའུ་ཅིས“སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་འཐེན་ནས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་བར་མཐོངས་བཞག་ཐོག་ཕ་ཚ་བུ་རྒྱུད་ལ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་འཇོག་དགོས”ཞེས་མངགས་བཅོལ་ནན་ཏན་གནང་ཡོད།
          ཀྲུང་གོ་འཕེལ་རྒྱས་ཕྱིན་པ་དེ་ནི་ཕྱི་རོལ་གྱི་ཞི་བདེའི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེ།
“དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་དེ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ང་ཚོའི་ཕྲག་ཏུ་བབས་ཡོད། དེར་བརྟེན་ཁུར་པོ་དེ་འཁུར་བར་ངེས་པར་དུ་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། དེ་ནི་ཏང་དང་མི་དམངས་ཀྱི་རེ་བ་ཡིན་ལ་དེང་རབས་གསར་བརྗེའི་དམག་མིར་ལྡན་དགོས་ངེས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་ཅིག་ཀྱང་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དེས་དམག་ཡོངས་ཀྱི་དཔོན་དམག་ཚོའི་བློ་སྟོབས་སྔར་ན་མེད་པ་འཕེལ་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅིངས་འགྲོལ་དམག་མིའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཐེངས་ལྔ་ཕེབས་ཏེ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱེད་པའི་ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་ལ་གཞིགས་ཏེ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་སྟེ་དམག་དཔུང་སྟོབས་ཆེའི་ཕུགས་འདུན་འགྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
          2017ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་མཇུག་འགྲིལ་གྲབས་ཡོད་ཅིང་། འཐུས་མི་དང་ཨུ་ཡོན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་བློ་ལ་འཆང་བཞིན་ཡིད་ཆེས་ཆེན་པོས་ཡངས་ཤིང་རྒྱ་ཆེ་བའི་ལག་ལེན་གྱི་ས་གཞི་ཆེན་པོར་བསྐྱོད་ནས་ཏང་གི་དགོངས་ཚུལ་དང་རྒྱལ་ཁབ་ཀྱི་འདོད་འདུན་མི་དམངས་དུང་ཕྱུར་མང་པོར་བརྒྱུད་སྤྲོད་བྱས་ཏེ་བྱ་སྤྱོད་ངོ་མར་བརྟེན་ནས་ཐུན་མོང་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད།
           “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་ཀྲུང་གོ་དེ་བས་བརྗིད་ཉམས་ལྡན་པའི་ལམ་བུ་གསར་པར་ཐོག་སྐྱོད་བཞིན་མཆིས། ༼ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་འབྱོར་བའི་གློག་འཕྲིན།༽