མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་18ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་དང་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་16ཉིན་མི་དམངས་ཚོགས་ཁང་ཆེ་མོར་སོ་ཏི་ཨ་རབ་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ས་ལེ་མན་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་མ་གཏོང་བ་དང་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་མ་གཏོང་རྒྱུར་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད།
          ཞི་ཅིན་ཕིང་གིས་ན་ནིང་ང་སོ་ཏི་ཨ་རབ་ལ་འཚམས་འདྲིར་བསྐྱོད་སྐབས་རྒྱལ་པོ་ས་ལེ་མན་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རིམ་པས་དོན་འཁྱོལ་བྱུང་བར་ཤིན་ཏུ་དགའ་པོ་བྱུང་། ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བའི་མི་མངོན་པའི་སྟོབས་ཤུགས་དང་ཆ་རྐྱེན་ལྡན་ཡོད་པས་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་། སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། སོ་ཏི་ཨ་རབ་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱི“2030ཕུགས་འདུན་བཟང་པོ”མངོན་འགྱུར་ཡོང་བ་དང་སོ་ཏི་ཨ་རབ“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱེད་པའི་གོ་ལ་ཧྲིལ་པོའི་མཉམ་ལས་རོགས་ཟླར་འགྱུར་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག་སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་སྣ་མང་ཅན་གྱི་གོ་ལ་ཧྲིལ་པོའི་མཉམ་ལས་རོགས་ཟླའང་བྱེད་འདོད་ཡོད། ཀྲུང་གོ་ནི་སོ་ཏི་ཨ་རབ་ཀྱི་བློས་འགེལ་ཆོག་པའི་མ་བཅོས་རྡོ་སྣུམ་ཕྱིར་གཏོང་གི་ཁྲོམ་ར་བརྟན་པོ་ཞིག་ཡིན་པས་ཕྱོགས་གཉིས་པོས་ནུས་རྒྱུའི་ཁྱབ་ཁོངས་གཞི་གཅིག་ཅན་གྱི་མཉམ་ལས་རྣམ་པ་ཐུན་མོང་ཐོག་བཏོད་དེ་འཕྲིན་གཏོང་དང་འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་དངུལ་རྩ་དང་མ་འཇོག་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་རྒྱུར་འཚོལ་ཞིབ་བྱེད་དགོས། ཕྱོགས་གཉིས་པོས་ད་དུང་རིག་གནས་དང་། སློབ་གསོ། འཕྲོད་བསྟེན། ཚན་རྩལ། ཡུལ་སྐོར། གསར་འགྱུར། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
          ས་ལེ་མན་གྱིས་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་བར་ང་ཡིད་མགུ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་བར་གྲུབ་འབྲས་ཆེན་པོ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཛའ་གྲོགས་མཉམ་ལས་ལ་སྐུལ་མ་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་གནང་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་རྒྱུ་མ་ཟད། སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་རིམ་པ་མཐོ་བའི་མཉམ་འབྲེལ་ཨུ་ལྷན་གྱི་ལས་སྟེགས་དེ་བརྒྱུད་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག དངུལ་རྩ། ནུས་རྒྱུ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
          གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ཉོ་ཚོང་དང་། ནུས་རྒྱུ། ཐོན་ནུས། རིག་གནས། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་པའི་དཔང་པོ་གནང་བ་དང་ཆབས་ཅིག་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བའི“ཨ་རབ་ཀྱི་ལམ་བུ་སྟེ། སོ་ཏི་ཨ་རབ་ཀྱི་ས་འོག་ནས་ཐོན་པའི་རིག་དངོས་འགྲེམས་སྟོན”མཇུག་འགྲིལ་མཛད་སྒོར་ཐུན་མོང་ཐོག་ཞུགས་པ་རེད།