མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《བྱང་ཤར་ས་ཁུལ་དང་ཤར་རྒྱུད་ས་ཁུལ་གྱི་ཞིང་
ཆེན་དང་གྲོང་ཁྱེར་ཁག་གཅིག་གི་ཁ་གཏད་མཉམ་ལས་ལས་དོན་ཇུས་གཞི་》བཀྲམས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《བྱང་ཤར་ས་ཁུལ་དང་ཤར་རྒྱུད་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་ཁ་གཏད་མཉམ་ལས་ལས་དོན་ཇུས་གཞི་》(གཤམ་ལ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ། རེས་སྐོར་གསར་པའི་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པའི་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱིའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། བྱང་ཤར་ས་ཁུལ་དང་ཤར་རྒྱུད་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་སྒྲིག་འཛུགས་བྱས་ནས་ཁ་གཏད་མཉམ་ལས་ལམ་སྲོལ་བཙུགས་ཏེ་ཁ་གཏད་མཉམ་ལས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
        《ཇུས་གཞིའི་》ནང་ནན་བཤད་བྱས་དོན། ཁ་གཏད་མཉམ་ལས་ནི་རེས་སྐོར་གསར་པའི་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པའི་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་དང་། བྱང་ཤར་དར་རྒྱས་དང“འཐབ་ཇུས་ཆེན་པོ་གསུམ”འབྲེལ་མཐུད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད་ལ། རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་བཏོན་ནས་ས་ཁོངས་ལས་བརྒལ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གསར་གཏོད་བྱེད་ཐབས་ཤིག་ཀྱང་རེད། བྱང་ཤར་ས་ཁུལ་དང་ཤར་རྒྱུད་ས་ཁུལ་གྱི་ཕྱོགས་ཡོངས་མཉམ་ལས་ལ་ཡར་སྐུལ་དང་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ཐོག་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། འཕེལ་རྒྱས་ཀྱི་ཆུ་ཚད། དེ་བཞིན་མཉམ་ལས་ཀྱི་ད་ལྟའི་གནས་ཚུལ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ལེའོ་ཉིང་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན། ཅི་ལིན་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན་བཅས་དང་། ཧྲེན་དབྱང་གྲོང་ཁྱེར་དང་པེ་ཅིང་གྲོང་ཁྱེར། ཏ་ལེན་གྲོང་ཁྱེར་དང་ཧྲང་ཧའེ་གྲོང་ཁྱེར། ཁྲང་ཁྲུན་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར། ཧར་པིན་གྲོང་ཁྱེར་དང་ཧྲེན་ཀྲེན་གྲོང་ཁྱེར་བཅས་དབར་ཁ་གཏད་མཉམ་ལས་འབྲེལ་བ་འཛུགས་རྒྱུ་ཁ་གསལ་བཏོན་ཡོད་ཁར། ནང་སོག་རང་སྐྱོང་ལྗོངས་ཀྱིས་ཤར་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་དབར་རང་འགུལ་ངང་འབྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་བབ་མཐུན་གྱི་མཉམ་ལས་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས།
        《ཇུས་གཞིའི་》ནང་བླང་བྱ་བཏོན་པར། 2020ལོར་སླེབས་སྐབས་བྱང་ཤར་ས་ཁུལ་དང་ཤར་རྒྱུད་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་ཁ་གཏད་མཉམ་ལས་ལ་གལ་ཆེ་ཞིང་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱེད་པ་དང་། འཕྲེད་ཕྱོགས་མཉམ་འགུལ་དང་། གཞུང་ཕྱོགས་འབྲེལ་མཐུད། དུས་བཀག་གྲོས་མོལ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ། སྲིད་གཞུང་དང་། ཁེ་ལས། ཞིབ་འཇུག་སྒྲིག་གཞི་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་རྒྱ་ཁྱབ་ངང་ཞུགས་པའི་རིམ་པ་མང་བ་དང་། ཁྱབ་ཁོངས་ཡངས་པ། ཁོངས་གཏོགས་ཆེ་བ་བཅས་ཀྱི་མཉམ་ལས་མ་ལག་འཛུགས་པ། རྒྱུན་གཏན་ཅན་གྱི་ལས་བྱེད་པའི་སྤེལ་རེས་དང་ཤེས་ལྡན་པའི་གསོ་སྦྱོང་ལམ་སྲོལ་ཞིག་ཆགས་པར་བྱས་ནས། བྱང་ཤར་ས་ཁུལ་དུ་ཤར་རྒྱུད་ས་ཁུལ་གྱི་སྤྱོད་གོ་ཆོད་པའི་སྒྱུར་བཅོས་གསར་གཏོད་བྱེད་ཐབས་འབོར་ཆེན་ཞིག་གང་མགྱོགས་འདྲ་བཟོ་དང་ཁྱབ་གདལ་གཏོང་བ་དང་། ཐོན་ལས་མཉམ་ལས་གླིང་སོགས་མཉམ་ལས་གལ་ཆེའི་ལས་སྟེགས་འབོར་ཆེན་ཞིག་ཐུན་མོང་ཐོག་སྐྲུན་པ། མཚོན་བྱེད་རང་བཞིན་གྱི་ས་ཁོངས་ལས་བརྒལ་བའི་མཉམ་ལས་རྣམ་གྲངས་འབོར་ཆེན་ཞིག་ལག་བསྟར་བྱེད་པ་བཅས་ཀྱིས་ཅུང་འཐུས་སྒོ་ཚང་བའི་ཁ་གཏད་མཉམ་ལས་སྲིད་ཇུས་མ་ལག་དང་འགན་ལེན་བྱེད་ཐབས་ཆ་ཚང་ཞིག་ཆགས་པར་བྱེད་དགོས།