མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ཆ་ཤས་78ལ་བཟོ་བཅོས་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་བརྡ་གཏོང་ཚོགས་འདུ་འཚོགས་ནས་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》(གཤམ་དུ་《སྙན་སྒྲོན་》ཞེས་བསྡུ་རྒྱུ)གྱི་འཆར་ཟིན་ཚོགས་ཆུང་གི་ཁོངས་མི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཧན་ཝུན་ཤིའུ་གདན་དྲངས་ནས་སྙན་སྒྲོན་གྱི་བཟོ་བཅོས་གནས་ཚུལ་ངོ་སྤྲོད་དང་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་《སྙན་སྒྲོན་》ལ་གྲོས་བསྡུར་ཟབ་མོ་གནང་ནས་བསམ་འཆར་དང་གྲོས་འགོ་མང་པོ་ཞིག་བཏོན་གནང་ཡོད། ཙུང་ལི་ལི་ཁེ་ཆང་གི་བླང་བྱ་ལྟར་《སྙན་སྒྲོན་》གྱི་འཆར་ཟིན་ཚོགས་ཆུང་གིས་གོ་རིམ་ལྡན་པའི་ངང་ཕྱོགས་སྒྲིག་ཕྱོགས་བསྡུས་དང་དོན་ཚན་རེ་རེ་བཞིན་ཞིབ་འཇུག་ནན་ཏན་བྱས་ནས་《སྙན་སྒྲོན་》ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་ཡོད། 《སྙན་སྒྲོན་》ནང་གི་ཆ་ཤས་78ལ་བཟོ་བཅོས་བརྒྱབ་པ་དང་ཧ་ལམ་80%ཡི་བསམ་འཆར་དང་གྲོས་འགོ་དང་ལེན་བྱས་ཡོད། ཁག་གཅིག་ཏུ་ཆ་ཤས་གཅིག་ལ་བཟོ་བཅོས་བརྒྱབ་ནས་བསམ་འཆར་མང་པོ་ཞིག་ཕྱོགས་བསྡུས་དང་ལེན་བྱས་ཡོད། བཟོ་བཅོས་བརྒྱབ་རྗེས་《སྙན་སྒྲོན་》གྱི་ཡིག་འབྲུ་500ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད།
        ཧན་ཝུན་ཤིའུ་ཡིས་ཅུང་གལ་ཆེ་བའི་བཟོ་བཅོས་བརྒྱབ་པ་ཁག་གཅིག་ངོ་སྤྲོད་གནང་བ་དཔེར་ན། མཛོད་ཉར་འཕྲི་བ་དང་ས་ཁང་བདག་ཁོངས་ཁྲོམ་རའི་སྙོམས་སྒྲིག་ཚོད་འཛིན་ཆ་ཤས་ཐད། “ཉོ་སྒྲུབ་དང་བོགས་གཏོང་དུས་མཉམ་དུ་སྤེལ་བའི་སྡོད་ཁང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ”དང“དོ་ཁུར་བྱེད་མང་བའི་གྲོང་ཁྱེར་གྱི་ཁང་རིན་མགྱོགས་མྱུར་འཕར་བ་ཚོད་འཛིན་བྱ་རྒྱུ”གསབ་པ་དང་། དབུལ་སྐྱོར་ཆ་ཤས་ཐད། “ནད་གཞི་སོགས་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོར་བསྐྱར་ལོག་གི་མང་ཚོགས་ལ་རོགས་སྐྱོར་ཡག་པོ་བྱ་རྒྱུ”གསབ་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་ཆ་ཤས་ཐད། “‘སྣ་མང་གཅིག་སྒྲིལ’ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་འཆར་འགོད་ཆུ་ཚད་མཐོ་རུ་གཏོང་རྒྱུ”དང“གྲོང་ཁྱེར་གྱི་ས་གཤིས་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ”“འགྲིམ་འགྲུལ་འགག་པ་སོགས‘གྲོང་ཁྱེར་གྱི་སྣང་ཚུལ་ངན་པ’ནུས་ལྡན་ངང་སེལ་རྒྱུ”སོགས་ཀྱི་ནང་དོན་གསབ་པ། སློབ་གསོའི་ཆ་ཤས་ཐད། “དངོས་གཞིའི་ཚན་ཁག་གི་མཐོ་སློབ་ཁག་གཅིག་བཀོལ་སྤྱོད་ཐུབ་པའི་རྣམ་པར་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ”དང“དམངས་འཛུགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་རྒྱུ”གསབ་པ། སྤྱི་ཚོགས་བཅོས་སྐྱོང་ཐད། “དུག་རྫས་ཉེས་གསོག་དང་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ”སོགས་ཀྱི་ནང་དོན་བསྣན་པ། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་གི་ཆ་ཤས་ཐད། “སྲིད་དོན་གྱི་ཁ་གདན་ཚིག་ལ་མ་གནས་པ་མཐའ་གཅིག་ཏུ་བཅོས་སྐྱོང་བྱ་རྒྱུ”བསྣན་པ་ལ་སོགས་རེད།
        གསར་འགོད་པས་《སྙན་སྒྲོན་》གྱི་ཁྱད་ཆོས་སྐོར་གྱི་གནད་དོན་འདྲི་སྐབས། ཧན་ཝུན་ཤིའུ་ཡིས“མཐོ”དང་། “གསར”“དངོས”བཅས་ཡིག་འབྲུ་གསུམ་ལ་རགས་བསྡུས་གནང་བ་སྟེ། མཐོ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བར་ཟེར་ཞིང་། 《སྙན་སྒྲོན་》ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་གཞི་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གང་ལེགས་མངོན་པ་དང་། གསར་ནི་སྙན་སྒྲོན་ནང་གསར་གཏོད་བྱེད་ཕོད་པར་ཟེར་ཞིང་། 《སྙན་སྒྲོན་》ནང་ནང་དོན་གསར་པ་དང་བྱེད་ཐབས་གསར་པ་མི་ཉུང་བ་ཞིག་ཡོད་པ་དང་ཡིག་ཐོག་མཚོན་ཚུལ་ལའང་རྣམ་པ་གསར་པ་ལྡན་ཡོད། 《སྙན་སྒྲོན་》གྱི་གཡས་ཟུར་གྱི་རྩ་གཉིས་ཨང་རྟགས་ཀྱང་རྣམ་པ་གསར་གཏོད་བྱས་པ་ཞིག་རེད། དངོས་ནི་གཙོ་བོ་ཕྱོགས་བསྡུས་གྲུབ་འབྲས་དངོས་ཐོག་བདེན་འཚོལ་ལས་མངོན་པ་དང་སྲིད་ཇུས་བྱེད་ཐབས་ཏན་ཏན་ཏིག་ཏིག་ཡོད་དགོས་པ་དང་། ལས་འགན་ལེགས་སྒྲུབ་བྱེད་སྐབས་དངོས་སྒྲུབ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།