མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ་དང་གྲོས་མོལ་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཀྱི་གྲུབ་འབྲས་ལ་སྐུལ་འདེད་དང་དོན་འཁྱོལ་དམ་འཛིན་བྱ་གཞིར་བརྩིས་ནས་མཉམ་ལས་བྱེད་སྟངས་གསར་གཏོད་ཧུར་ཐག་དང་གཉིས་ཁེ་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ཆུ་ཚད་གོང་མཐོར་གཏོང་བའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་རུ་ཝང་ཏ་འབྲེལ་ལམ་བཙུགས་ནས་ལོ་46ཡི་རིང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་ལྷག་བསམ་རྣམ་དག་ངང་མཉམ་ལས་བྱས་པས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་གྱི་གཉིས་ཁེ་འཕེལ་རྒྱས་མྱུར་པོ་ཕྱིན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཡག་པོ་ཐུབ་པ། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བའི་འཕེལ་ཕྱོགས་མངོན་ཡོད། མིག་སྔར་ཀྲུང་གོ་དང་རུ་ཝང་ཏའི་མཉམ་ལས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འཕྲད་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་གཏིང་ཟབ་ཏུ་བཏང་ནས་ཁྱབ་ཁོངས་ཁག་གི་མི་སྣ་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱེད་དགོས། རུ་ཝང་ཏའི་མི་དམངས་ཀྱིས་རུ་ཝང་ཏའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱེད་ཀྱི་ཡིན། བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོས་རུ་ཝང་ཏའི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། རུ་ཝང་ཏ་དང་མཉམ་དུ་ཐོན་ལས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། ཐོན་ནུས་མཉམ་ལས་ལ་སྐུལ་འདེད། རུ་ཝང་ཏའི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་རུ་ཝང་ཏར་བསྐྱོད་ནས་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཞུགས་རྒྱུར་སྐུལ་ལྕག་གཏོང་གི་ཡིན། ཡུལ་སྐོར་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་ཐུན་མོང་ཐོག་ཡུལ་སྐོར་ལས་རིགས་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཉམ་ལས་ཀྱི་བཀྲག་མདངས་འཚེར་སར་འགྱུར་བར་བྱེད་དགོས་པ་དང་། ཞི་བདེ་དང་བདེ་འཇགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ལ་རུ་ཝང་ཏས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བསྟན་གནང་བ་རེད།