མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན།  ཟླ་3ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གོ་སྐབས་ཆེན་པོ་ཞིག་འཕྲད་ཡོད། ངས་ཙུང་ཐུང་ཐེ་རོན་ཕུ་དང་ཁ་པར་དང་འཕྲིན་ཡིག་བརྒྱུད་འབྲེལ་གཏུག་ཡག་པོ་བྱེད་བཞིན་ཡོད། ངེད་གཉིས་པོར་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་མཉམ་ལས་རོགས་ཟླ་ཡག་པོ་ཞིག་ཏུ་འགྱུར་ངེས་ཡིན་པའི་ངོས་འཛིན་བྱུང་། ཕྱོགས་གཉིས་པོས་སྤྱིའི་བགོ་གྲངས་ཆེ་ཤོས་དེ་མཐའ་འཁྱོངས་བྱས་ན་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་ཡང་དག་ཅིག་ཡོང་རྒྱུ་རེད། སླད་ཕྱིན་ཕྱོགས་གཉིས་པོས་ང་དང་ཙུང་ཐུང་ཐེ་རོན་ཕུ་དབར་བྱུང་བའི་ཐུན་མོང་ངོས་འཛིན་དང་སྙིང་དོན་གཞིར་བཟུང་མཐོ་རིམ་དང་རིམ་ཁག་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་དང་། ས་ཁུལ། གོ་ལ་ཧྲིལ་པོ་བཅས་རིམ་ངོས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་དང་ལྟ་འདོམས་བྱ་རྒྱུ། ཀྲུང་ཨའི་འབྲེལ་བ་འགོ་འཛུགས་ས་གསར་པའི་ཐོག་སྐྱོན་བྲལ་དང་བརྟན་ལྷིང་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཞིག་ཡིན། ཕྱོགས་གཉིས་པོས་ལོ་རྒྱུས་དང་བུ་རབས་ཚ་རྒྱུད་ལ་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ཀྲུང་ཨའི་འབྲེལ་བའི་འཕེལ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་དགོས། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་ཤེས་རྟོགས་ཡོང་ཤུགས་ཆེ་རུ་གཏོང་དགོས། ཀྲུང་ཨའི་ཐུན་མོང་ཁེ་ཕན་དེ་མི་མཐུན་པའི་ཆ་ལས་ཆེ་བ་ཡོད་པས་མཉམ་ལས་ནི་ཕྱོགས་གཉིས་པོའི་གདམ་ག་ཡང་དག་འབའ་ཞིག་ཡིན། ཕུགས་ཡུན་དང་འཐབ་ཇུས་ཀྱི་ཟུར་ཚད་ནས་ཀྲུང་ཨའི་འབྲེལ་བར་ལྟ་སྟངས་ཡག་པོ་འཛིན་ཏེ་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། ས་ཁུལ་གྱི་གླེང་ཆེའི་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་གཉིས་པོའི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་རིགས་ཆེ་གྲས་ལ་བརྩི་འཇོག་བྱས་ནས་ཀྲུང་ཨའི་འབྲེལ་བ་ཁྱོན་ཡོངས་ནས་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མཛའ་གྲོགས་འགྲོ་འོང་བྱ་རྒྱུའི་ལྕག་སྐུལ་བྱེད་པ་དང་སྦྲགས་འགྲོ་འོང་བྱེད་རྒྱའང་ཆེ་རུ་བཏང་ནས་ཀྲུང་ཨའི་འབྲེལ་བའི་སྤྱི་ཚོགས་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཏི་ལེ་སེན་གྱིས་དང་ཐོག་ཙུང་ཐུང་ཐེ་རོན་ཕུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཁྱེད་ལ་འཚམས་འདྲི་ཞུ་རོགས་གསུང་གི་འདུག་ཅེས་ཞུས་ཤིང་། ཁོང་གིས་ཙུང་ཐུང་ཐེ་རོན་ཕུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཁྱེད་དང་ཞལ་པར་བརྒྱུད་འབྲེལ་བ་གནང་རྒྱུར་མཐོང་ཆེན་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གང་མགྱོགས་ཐུག་འཕྲད་ཡོང་རྒྱུའི་རེ་སྒུག་གནང་བ། དེ་བཞིན་གོ་སྐབས་བྱུང་ཚེ་ཀྲུང་གོར་ཕེབས་ནས་ཨ་ཀྲུང་འབྲེལ་བའི་འབྱུང་འགྱུར་ལོ་ལྔ་བཅུའི་འཕེལ་རྒྱས་ཕྱིར་ཁ་ཕྱོགས་གཏན་འཁེལ་བྱ་རྒྱུའི་རེ་བ་གནང་གི་འདུག ཨ་རི་ཕྱོགས་ཀྱིས་གདོང་ཐུག་མི་ཡོང་བ་བྱེད་པ་དང་། ཁ་གཏད་དུ་མི་ལངས་པ། ཕན་ཚུན་བརྩི་འཇོག་བྱེད་པ། མཉམ་ལས་གཉིས་ཕན་ཡོང་བ་བྱེད་པ་བཅས་ཀྱི་སྙིང་དོན་ལྟར་ཨ་ཀྲུང་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་། ཨ་ཀྲུང་དབར་ཤེས་རྟོགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། ཨ་ཀྲུང་དབར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུ་བཅས་ཀྱི་འདོད་མོས་ཡོད་ཅེས་གསུངས་པ་རེད།