མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས་
ལག་བསྟར་བྱ་ཚུལ་ལ་ཞིབ་བཤེར་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཐོན་རྫས་སྤུས་ཚད་ཀྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་། བཅའ་ཁྲིམས་ལག་བསྟར་བྱེད་པའི་ཁྲོད་གནས་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ལ་དམིགས་པ། བཅའ་ཁྲིམས་ལག་བསྟར་བྱེད་མཁན་ལས་ཁུངས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱོད་རྒྱུར་ལྟ་སྐུལ། བཅའ་ཁྲིམས་ཀྱི་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་སྔར་བས་ལག་བསྟར་དོན་འཁྱོལ་བཅས་བྱ་ཆེད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་མང་པོར་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས་ལག་བསྟར་བྱ་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་རེད།
           ཚེས་20ཉིན་གསར་འགོད་པར་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྤེལ་བའི་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས་ལག་བསྟར་བྱ་ཚུལ་ལ་ཞིབ་བཤེར་བྱེད་ཐེངས་གཉིས་པ་དེ་ཡིན་ལ་2009ལོར་དོན་ཚན་ཁ་ཤས་ལ་བཟོ་བཅོས་བརྒྱབ་རྗེས་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས་ལ་ཞིབ་བཤེར་བྱེད་ཐེངས་དང་པོ་དེ་ཡིན་པ་མ་ཟད། འདི་ལོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྤེལ་བའི་ལྟ་སྐུལ་ལས་དོན་གལ་ཆེན་ཞིག་ཀྱང་རེད།
         མིག་སྔར་རང་རྒྱལ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་སླེབས་པ་དང་། དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ། དཔལ་འབྱོར་འཁོར་རྒྱུག་ཁྲོད་ཐོན་ནུས་ལྷག་མང་དང་དགོས་མཁོའི་གྲུབ་ཆ་རིམ་འཕར་གྱི་འགལ་ཟླ་མངོན་གསལ་དོད་པ་མ་ཟད། མི་དམངས་མང་ཚོགས་ཀྱི་ཐོན་རྫས་ཀྱི་དགོས་མཁོ་རྩ་བའི་ཐོག་ནས་སྐོང་བ་ནས་དེ་བས་བདེ་འཇགས་དང་དེ་བས་སྤུས་ལེགས་དོན་གཉེར་བྱེད་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད།
         ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་རྒྱུའི་རྨང་གཞིའི་ཐོག་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱ་ཚུལ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དྲང་གཞག་ངང་ཁྲིམས་འཛིན་བྱ་ཚུལ། ཁེ་ལས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་ཚུལ། ཐོན་རྫས་ཀྱི་སྤུས་ཚད་ཚད་གཞི་བཟོ་ཚུལ། ཞིབ་བཤེར་ཞིབ་དཔྱད་སོགས་མཚམས་སྦྱོར་སྒྲིག་གཞི་སྐྲུན་ཚུལ། སྲིད་གཞུང་དང་ཁྲིམས་འཛིན་ལས་ཁུངས་དང་དེ་བཞིན་ཁྲོམ་རའི་བྱེད་པོ་ཁག་གི་ཆེད་ལས་ལག་རྩལ་གྱི་རོགས་སྐྱོར་དང་ཞབས་ཞུའི་ནུས་པ་འདོན་སྤེལ་བྱ་ཚུལ། ཐོན་རྫས་སྤུས་ཚད་བཅའ་ཁྲིམས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་གནད་དོན་གཙོ་བོ་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་ཚོགས་ཆུང་གིས་ཡན་ལག་ཚོགས་ཆུང་4རུ་བགོས་ནས་ཟླ་གསུམ་པའི་ཟླ་མཇུག་ནས་ཟླ་བཞི་པའི་ཟླ་མཇུག་བར་ཐེན་ཅིན་དང་། ཧོ་པེ། ཧྲང་ཧའེ། ཀྲེ་ཅང་། ཧུའུ་པེ། ཀོང་ཏུང་། ཁྲུང་ཆིང་། ཀན་སུའུ་སོགས་ཞིང་ཆེན་(གྲོང་ཁྱེར)8ལ་ཞིབ་བཤེར་ལས་དོན་སྤེལ་རྒྱུ་དང་ཆབས་ཅིག་ད་དུང་ལེའོ་ཉིང་དང་། ཅི་ལིན། ཨན་ཧུའེ། ཧྲན་ཏུང་། ཧོ་ནན། ཧུའུ་ནན། ཀོང་ཤིས། ཉིང་ཞ་སོགས་ཞིང་ཆེན་(རང་སྐྱོང་ལྗོངས)8ཀྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྲིད་འཛིན་ཁུལ་དེ་རང་གི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས་ལག་བསྟར་བྱ་ཚུལ་ལ་ཞིབ་བཤེར་བྱ་རྒྱུར་མངགས་བཅོལ་བྱ་རྒྱུ་རེད།