མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁ་ཕྱོགས་གསར་པ་སྟངས་འཛིན་བྱས་ནས“འགྲོ་རྒྱུའི་ལམ་ཕྱེད”དེ་ལེགས་པར་སྐྱོད་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ།
         དཔྱིད་ཉམས་རབ་ཏུ་རྒྱས་པའི་དཔྱིད་ཟླ་3པར་འབད་འཐབ་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས། ཚེས་15ཉིན་གྱི་སྔ་དྲོ་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཞུམ་མེད་མདུན་སྐྱོད་བཅས་ཀྱི་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་རྒྱལ་ཁའི་ངང་གྲོལ་བ་རེད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། “ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་སོགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་འབྲེལ་འདི་ལོའི་ལས་དོན་ཁག་ལ་བཀོད་སྒྲིག་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་སྒྲིལ་ཡོང་བ་བྱས་ཡོད། ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་བར་འགོ་འཛུགས་ས་གསར་པ་ནས་སླར་ཡང་ཐོན་ཏེ་བྱ་གཞག་ཁག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པར་དུས་རབས་ཀྱིས་ང་ཚོར་འབོད་སྐུལ་བྱས་ཡོད།
         ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱས་ཚེ་གཞི་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་མཐོང་ནས་རྐང་འོག་གི་འགྲོ་ལམ་ཐོག་ཡག་པོ་སྐྱོད་ཐུབ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་2017ལོ་ནི་སྔ་འཛིན་ཕྱི་མཐུད་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལོ་ 8ཀྱི་དུས་ཚོད་ཕྱེད་ཀ་ཙམ་སོང་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ལོ་འགོ་ནས་དེང་རབས་ཅན་འཛུགས་སྐྲུན་གྱི“གོམ་སྟབས་གསུམ་ལ་དབྱེ་ནས་སྐྱོད་པའི”འཐབ་ཇུས་བཀོད་སྒྲིག་ནས་དུས་རབས་འདིའི་དུས་དཀྱིལ་བར་དེང་རབས་ཅན་མངོན་འགྱུར་བྱེད་པའི་དམིགས་ཚད་ཀྱི་འཕེལ་རིམ་ཡང་ཕྱེད་ཀ་ལྷག་ཙམ་སོང་ཡོད། ལས་འགན་དེ་བས་དཀའ་ཚེགས་ཆེ་བའི“འགྲོ་རྒྱུའི་ལམ་ཕྱེད”ཐོག་སླེབས་པས་ང་ཚོས་སྙིང་རུས་ཆེན་པོས་བརྩོན་ལེན་དང་མུ་མཐུད་འབད་འཐབ་བྱས་ཏེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་ལ་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པ་ཐོབ་པ་བྱེད་དགོས་པར་ང་ཚོར་བླང་བྱ་དེ་བས་བཏོན་ཡོད། འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་ལོ་གལ་ཆེན་ཞིག མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལོ་ཞིག་བཅས་ཡིན་པ་དང་དེ་འདི་ལོའི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུའི་ངོས་ནས་བརྗོད་ཚེ་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
         རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་ཆེན་པོ་ཀྲུང་དབྱང་གིས་སྟངས་འཛིན་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས་ཧུར་བརྩོན་རྒྱལ་སྐྱོང་དང་གསར་འབྱེད་གསར་གཏོད་ཀྱིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐུས་མི་དང་ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་གནང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དང་། མི་རིགས་མཐུན་སྒྲིལ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ་མིག་སྔའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱེད་རྒྱུར་དམིགས་ཡོད་ལ་ཡུན་རིང་གི་འཕེལ་ཕྱོགས་ཐད་ཇུས་གཞི་འདིང་རྒྱུར་གཞིགས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ་ཡིད་ཆེས་དང་སྟོབས་ཤུགས་ཀྱང་བསྣན་ཡོད།
          བསམ་བློ་ནི་བྱ་སྤྱོད་ཀྱི་སྣེ་ཁྲིད་ཡིན་པ་དང་རིགས་པའི་གཞུང་ལུགས་ནི་ལག་ལེན་གྱི་ཕྱོགས་སྟོན་ཡིན། ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་བའི་ཆེས་རྩ་བ་ནི“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་མཛུབ་ཁྲིད་དུ་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་རྒྱུ་དེ་རེད། སེམས་ཤུགས་གཅིག་སྒྲིལ་བྱས་ཚེ་ཕྱོགས་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། བློ་གྲོས་དང་སྟོབས་ཤུགས་སྒྱུར་འཕེལ་བརྟན་གསུམ་གྱི་ཐོག་གཅིག་སྡུད་བྱེད་པ། ཆད་ལུས་མེད་པའི་ངང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ཚེ་ང་ཚོས་ཡང་འབད་བསྐྱར་འབད་དང་བབ་བསྟུན་མདུན་སྐྱོད་ཀྱིས་བྱ་གཞག་ཁག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་ངེས་ཡིན།
          ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་བའི་ཆེས་འགག་རྩ་ནི་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་དངོས་འཛིན་དངོས་སྒྲུབ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་སྔར་བས་ལེགས་པར་བསྒྲུབ་རྒྱུ་དེ་རེད། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་དེ་ཁོང་དུ་ཆུད་པ་བྱས་ཚེ་གཞི་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་ཐུབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་སུ་ནུས་ལྡན་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་མུ་མཐུད་སྐུལ་འདེད་གཏོང་བ། དམངས་འཚོའི་དཀའ་གནད་སེལ་བ་བཅས་བྱས་ཚེ་གཞི་ནས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་བཏང་ཚེ་གཞི་ནས་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་གསར་པ་བཏོད་ཐུབ་པ་དང་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་བཟང་པོའི་འཇོན་ཐང་ངོམ་ཐུབ། ཡིད་ཆེས་བརྟན་གཏོང་དང་གསར་འབྱེད་ཡར་བརྩོན་གྱིས་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག་ལས་དོན་དང་། རྩ་འཛུགས་ཀྱི་གྲ་སྒྲིག་ལས་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་བཅས་ཏན་ཏིག་ངང་ལེགས་པར་སྒྲུབ་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་ཚེ་ང་ཚོས་ལས་དོན་ཁག་གི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཐུབ་ངེས་ཡིན།
         “འགན་འཁྲི་ཧུར་ཐག་བསྒྲུབ་པ”དང“བྱ་སྤྱོད་ནི་ལན་གསལ་ཤོས་ཡིན་པ”“ཕན་ཚུན་གཞོགས་འདེགས་དང་མཉམ་དུ་ཤུགས་རྒྱག་དགོས”ཞེས་པ་སོགས་ཉིན་ཤས་རིང་རྒྱ་ཆེའི་འཐུས་མི་དང་ཨུ་ཡོན་ཚོས་ཚོགས་འདུ་གཉིས་ཀྱི་དགོངས་དོན་རྒྱལ་ཡོངས་ས་གནས་ཁག་ཏུ་དྲིལ་བསྒྲགས་བྱས་ནས“ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པའི”ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་བྱས་ཡོད། དཔུང་སྐྱོད་ཀྱི་དུང་བརྡ་གསར་པ་གྲགས་ཟིན་པས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་སྟངས་འཛིན་བྱེད་པ་དང“འགྲོ་རྒྱུའི་ལམ་ཕྱེད”དེ་ཡག་པོ་བསྐྱོད་དེ་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས།