མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་མཇལ་འཛོམས་གནང་སྟེ་ཕྱོགས་གཉིས་པོས་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབྱི་སི་རལ་དབར་མཛའ་གྲོགས་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་ནང་ཕྱོགས་གཉིས་པོའི་སྤྱི་ཡོངས་ཀྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དབར་ཕན་ཚུན་འཚམས་འདྲི་བྱེད་ཚད་མང་བ་དང་། དངོས་ཕན་མཉམ་ལས་ལ་སྐུལ་འདེད་བརྟན་པོ་ཐེབས་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། ལྷག་པར་དུ་ད་ཕན་ལོ་ཤས་རིང་ཀྲུང་གོ་དང་དབྱི་སི་རལ་གྱི་གསར་གཏོད་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། རྒྱལ་ཁབ་གཉིས་ཀྱིས་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ཀྲུང་གོ་དང་དབྱི་སི་རལ་དབར་གྱི་གསར་གཏོད་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་དེ་བས་ལེགས་པའི་སྒོ་ནས་ལེགས་ཆ་གསབ་རེས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཏན་ཏིག་གི་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས། ཕྱོགས་གཉིས་པོས་ཆབ་སྲིད་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་ཁག་དང་རིམ་གྲས་ཁག་དབར་གྱི་སྤེལ་རེས་ཟབ་ཏུ་བཏང་ནས་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུའི་སྒྲོམ་གཞིའི་ནང་མཉམ་ལས་རྣམ་གྲངས་ཆེ་གྲས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཚན་རྩལ་གསར་གཏོད་དང་། ཆུའི་ཐོན་ཁུངས། ཞིང་ལས། སྨན་བཅོས་འཕྲོད་བསྟེན། དྭངས་གཙང་ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀྱི་དངོས་ཕན་མཉམ་ལས་ཟབ་ཏུ་དང་རྒྱ་ཆེར་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་བཏང་ནས་སློབ་གསོ་དང་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་དང་དབུས་ཤར་རྒྱལ་ཁབ་དབར་གྱི་འབྲེལ་བ་དེ་བས་ཇེ་ཟབ་ཏུ་ཕྱིན་ཡོད། ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་དབུས་ཤར་དེ་ཀྲུང་གོ་དང་དབྱི་སི་རལ་ཚུད་པའི་ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་གནད་དོན་དེ་དབུས་ཤར་གྱི་དུས་བབ་ཐད་ཡུན་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་མུ་མཐུད“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”རྨང་གཞིར་བྱས་ཏེ་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་བསྔགས་བརྗོད་བྱ་རྒྱུ་ཡིན། དབྱི་སི་རལ་དང་ཕ་ལེ་སི་ཐན་རྒྱལ་ཁབ་གཉིས་སྔ་ཙམ་ཕན་ཚུན་འཆམ་པོ་དང་ཞི་བདེ་མཉམ་གནས་ཡོང་བ་བྱ་རྒྱུ་དེ་ནི་དབྱི་སི་རལ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་པོ་དང་ཐ་ན་དབུས་ཤར་ས་ཁུལ་ཧྲིལ་པོའི་བདེ་སྐྱིད་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་ཅིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
           ནེ་ཐ་ཉི་ཡ་ཧུའུ་ཡིས་ངའི་ད་ཐེངས་ཀྱི་ཀྲུང་གོའི་འཚམས་འདྲིར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་སོང་། དབྱི་སི་རལ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། དབྱི་སི་རལ་གྱིས་ཀྲུང་གོའི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དེ་བཞིན་དེང་སྐབས་རྒྱལ་སྤྱིའི་ཐོག་བཏོན་པའི་ནུས་པ་གལ་ཆེན་ལ་ཧ་ཅང་ཡིད་སྨོན་བྱེད་ཀྱི་ཡོད། དབྱི་སི་རལ་གྱིས་མུ་མཐུད་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་དང་འབྲེལ་དེའི་རྨང་གཞིའི་ཐོག་དབྱི་སི་རལ་དང་ཀྲུང་གོའི་དབར་གྱི་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་གཉིས་པོས་དྭངས་གཙང་ནུས་རྒྱུ་དང་། ཞིང་ལས། མ་འཇོག དངུལ་རྩ། སྨན་བཅོས་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་འབྲེལ་འཛམ་གླིང་འཕེལ་རྒྱས་དང་གྲ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། དབྱི་སི་རལ་གྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་རྨང་གཞིའི་སྒྲིག་བཀོད་སོགས་མཉམ་ལས་ནང་ཧུར་ཐག་ཞུགས་འདོད་ཡོད་ལ། དབུས་ཤར་བྱ་བའི་ཁྲོད་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པ་མཐོང་འདོད་ཡོད་ཅེས་བཤད་པ་རེད།