མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་
ཆུང་གི་ཚོགས་འདུ་ཐེངས་སོ་གསུམ་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གསུམ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་རིམ་ཁག་འགོ་ཁྲིད་བློ་མཐུན་གཙོ་བོས་རང་རྟོགས་ངང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་དང་། མགོ་ཡོད་མཇུག་ཡོད་དང་བློ་བརྩེ་གཅིག་སྒྲིམ་གྱིས་ལས་དོན་ལེགས་པར་སྒྲུབ་པ། ཁ་ཕྱོགས་སྟངས་འཛིན་དང་འགན་འཁྲི་འཁུར་ཕོད་པ། རང་བརྟེན་གྱི་སྒོ་ནས་ལས་དོན་སྒྲུབ་པ། ལས་དོན་ལ་དམ་འཛིན་ཏན་ཏིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་ཡོད་པ་རེད།
         ད་ཐེངས་ཀྱི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་འབྲེལ་ཡོད་འགན་འཁུར་བློ་མཐུན་གཙོ་བོས་རང་བརྟེན་གྱི་སྒོ་ནས་ལས་དོན་བསྒྲུབས་ཏེ་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱེད་ཚུལ་གྱི་སྙན་སེང་གསན་པ་དང་། སྙན་སེང་ཞུ་མཁན་མི་སྣའི་གྲས་སུ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཆེད་དོན་རྣམ་གྲངས་ཚོགས་ཆུང་གི་ཙུའུ་ཀྲང་དང་ཆེད་དོན་རྣམ་གྲངས་སྒྱུར་བཅོས་གལ་ཆེན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཡོད་ལ་ས་ཁུལ་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོའང་ཡོད་པ་རེད།
         ཚོགས་འདུའི་ཐོག་《ཀྲུང་གོའི་(ཧྲང་ཧའེ་)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི་》དང་《ཚན་རྩལ་གྱི་བྱ་དགའ་སྤྲོད་པའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞིར་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་འདུའི་ཐོག་ཞིང་ལས་ཀྱི་གཞན་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བ་དང་། ས་ཁུལ་དབུལ་པོའི་ཕྲུ་གུ་སློབ་གྲྭར་སྐྱོད་པའི་ཆ་རྐྱེན་ལེགས་སུ་གཏོང་བ། ཡུལ་མིའི་ཐོབ་ཐང་ལག་ཁྱེར་ས་ཆ་གཞན་དུ་བོར་ཐོ་འགོད་པའི་རེ་ཞུ་བདག་སྤྲོད་དང་རྙེད་བརྡ་གཏོང་བའི་ལམ་ལུགས་འཛུགས་པ། ཐེམ་ཐོ་མེད་པའི་མི་སྣའི་ཐེམ་ཐོ་ཐོ་འགོད་ཀྱི་གནད་དོན་ཐག་གཅོད་བྱེད་པ། ཁྱིམ་ཚང་སྨན་པའི་ཐོ་འགོད་ཁ་ཆད་ཞབས་ཞུར་སྐུལ་འདེད་གཏོང་བ། ཆུ་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དོན་འཁྱོལ་གནས་ཚུལ་གྱི་ལྟ་ཞིབ་སྙན་ཞུར་གྲོས་ཞིབ་བྱས་པ་རེད།
         ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། འགན་འཁུར་བློ་མཐུན་གཙོ་བོས་བསམ་ཕྱོགས་ལ་དམ་འཛིན་གྱིས་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་སྤྱི་འདོམས་བྱས་ཏེ་ཚང་མའི་སྣེ་ཁྲིད་དེ་འཆར་གཞི་ཡག་པོ་འགོད་པ་དང་། ཐབས་ལམ་གསལ་པོ་བཟོ་བ། ཐབས་ཤེས་ཡག་པོ་འདོན་པ་བཅས་བྱས་ཐོག་འགག་སྒྲོལ་དཀའ་ཚེགས་ཆེ་བ་དང་། ཤུགས་རྐྱེན་ཐེབས་ཁྱོན་ཆེ་བ། མི་སེར་དང་འབྲེལ་བ་དམ་ཟབ་ཡོད་པ་བཅས་ཀྱི་སྒྱུར་བཅོས་ཀྱི་ལས་འགན་རང་ངོ་མས་ལག་པ་འགུལ་བ་དང་འགན་འཁྲི་མཐར་ཕྱིན་པ་འཁུར་དགོས། བརྟག་ཞིབ་ལ་དམ་འཛིན་བྱས་ཏེ་སྒྱུར་བཅོས་ཀྱིས་གནད་དོན་གང་ཞིག་ཐག་གཅོད་བྱེད་མིན་གསལ་པོ་ཤེས་པ་བྱེད་དགོས་ལ་གཞི་རིམ་དང་མང་ཚོགས་ཁྲོད་ནས་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་འཚོལ་མཁས་པོ་བྱས་ཏེ་བཟོས་པའི་ཇུས་གཞིར་གདེང་ཚོད་ཡོད་པ་དང་མང་ཚོགས་ཀྱི་དོན་དངོས་དང་འབྲེལ་འདྲིས་ཐུབ་པ་བྱེད་དགོས་པའི་ཁར། སྒྱུར་བཅོས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་རྗེས་སྙེགས་ལ་སྣང་ཆེན་དང་གནས་ཚུལ་དངོས་ཁོང་དུ་ཆུད་པ་བྱེད་དགོས། སྐུལ་འདེད་གཏོང་རྒྱུར་དམ་འཛིན་གྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གནས་ལུགས་གསལ་པོ་ཤོད་པ་དང་དུས་མཚུངས་ཐག་གཅོད་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་བསམ་བློའི་གནད་དོན་གཅིག་གྱུར་ཡོང་རྒྱུར་སྣང་ཆེན་བྱས་ཏེ་སྒྱུར་བཅོས་ཀྱི་གཅིག་མཐུན་ངོས་འཛིན་གཅིག་སྒྲིལ་ཐུབ་པ་དང་སྒྱུར་བཅོས་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་དང་། མཐུན་སྦྱོར་ཐག་གཅོད་དོན་འཁྱོལ་གྱི་བརྒྱུད་རིམ་ནང་གི་དཀའ་གནད་ལ་སྣང་ཆེན་བྱས་ནས་སྒྱུར་བཅོས་གལ་ཆེན་དོན་འཁྱོལ་ཐུབ་ཚུལ་ཤེས་རྟོགས་བྱས་ཏེ་ལྷུ་ཚིགས་སྦྲེལ་མཐུད་དང་། འགག་ཚིགས་གཤོང་བ། འགལ་རྐྱེན་སེལ་བ་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། འགན་འཁུར་བློ་མཐུན་གཙོ་བོས་སྒྱུར་བཅོས་ཀྱི་འགན་འཁྲི་ཁུར་སེམས་ཡོད་པ་བྱས་ཏེ་འགག་རྩའི་གནད་དོན་ཐད་བློ་ཐག་ཆོད་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་བླང་བྱ་དང་། གཞི་རིམ་གི་དོན་དངོས། མང་ཚོགས་ཀྱི་དགོས་མཁོ་བཅས་དང་མཐུན་ཚེ་བློ་ཐག་ཆོད་པོས་སྒྱུར་བཅོས་བྱེད་པ་དང་བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་དགོས། སྒྱུར་བཅོས་ནི་གནད་དོན་ལ་དམིགས་པ་ཞིག་ཡིན་པས་གནད་དོན་ཐག་གཅོད་བྱེད་སྐབས་མདུང་རྩེ་ཁ་སྤྲོད་བྱས་ཏེ་བཏོན་པའི་བྱ་ཐབས་ལ་དམིགས་སའི་རང་བཞིན་ལྡན་པ་བྱེད་དགོས། ཏང་ཀྲུང་དབྱང་གིས་གསལ་སྟོན་བྱས་པའི་སྒྱུར་བཅོས་ལས་འགན་དར་ཆ་གསལ་སྟོན་གྱི་སྒོ་ནས་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱེད་དགོས། འགོ་ཁྲིད་བློ་མཐུན་གཙོ་བོས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགན་འཁྲི་གསལ་པོ་ཡོང་བ་བྱས་ནས་འགན་འཁྲི་དོན་འཁྱོལ་མི་ཐུབ་པ་དང་། འགན་འཁྲི་མི་འཁུར་བ། ནན་ཏན་མི་བྱེད་པ་དང་ཁྲལ་སེལ་སླ་བཅོས་བྱེད་པ། སྒྱུར་བཅོས་ནར་འགྱངས་བྱེད་པ་བཅས་ཀྱི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
         ཚོགས་འདུའི་ཐོག་འགན་འཁུར་བློ་མཐུན་གཙོ་བོས་ཏན་ཏིག་དང་ཞིབ་ཕྲའི་ལས་དོན་ལེགས་པར་བསྒྲུབས་ནས་རྣག་ཐོག་གཙག་འཁེལ་གྱི་སྒོ་ནས་སྒྱུར་བཅོས་གནད་སྨིན་ངང་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དམ་འཛིན་མཐར་ཕྱིན་པ་བྱས་ནས་སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་རྒྱུ་ནས་འགོ་བརྩམས་ཏེ་བཀོད་སྒྲིག་ལག་བསྟར་དང་། སྲིད་ཇུས་ལེ་ལག་ཚང་བ། ལྟ་ཞིབ་དོན་འཁྱོལ་བཅས་ལ་དམ་འཛིན་རྒྱུན་ཆད་མེད་པར་བྱེད་དགོས། སྒྱུར་བཅོས་མཐུན་སྦྱོར་ལ་ཤུགས་སྣོན་གྱིས་གཙོ་གནད་དང་དཀའ་གནད་ལ་དམ་འཛིན་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་དང་སྒྱུར་བཅོས་གཞན་དག་ལ་རྟ་སྒ་ཆ་སྒྲིག་གི་སྒོ་ནས་སྐུལ་འདེད་གཏོང་དགོས། དཀའ་ཚེགས་དང་སླ་བའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་སྟེ། སྐབས་རེ་ལས་སླ་ས་ནས་འགོ་རྩོམ་དགོས་པ་དང་། མཚམས་རེ་བློ་ཐག་ཆོད་པོས་མཁྲེཌ་སར་གཏུག་ཕོད་པ་བྱས་ཏེ་སྒྱུར་བཅོས་ལས་འགན་གྱི་ཁྱད་ཆོས་དང་དོན་དངོས་གནས་ཚུལ་གཞིར་བཟུང་སྟབས་བསྟུན་ངང་ཁོང་དུ་ཆུད་པ་བྱེད་དགོས། ཕྱོགས་ཁག་གི་ཧུར་སེམས་སྐོང་འཐེན་བྱེད་རྒྱུར་སྣང་ཆེན་གྱིས་རིམ་ཁག་འགོ་ཁྲིད་བློ་མཐུན་གཙོ་བོར་དམ་འཛིན་བྱས་ནས“འགོ་ཁྲིད་གཙོ་བོས་འགོ་ཁྲིད་གཙོ་བོར་དམ་འཛིན་བྱེད་པ”དང་འགན་འཁྲི་རིམ་པ་སྟར་ཆཌ་བཞིན་འཁུར་དུ་འཇུག་དགོས། གཞི་རིམ་གྱི་སྒྱུར་བཅོས་ཀྱི་གསོན་ཤུཌ་འཕེལ་རྒྱུར་སྣང་ཆེན་བྱས་ནས་ཚོད་ལྟའི་སྒྱུར་བཅོས་ལ་ཐབས་ལམ་འཚོལ་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། འགོ་ཁྲིད་བློ་མཐུན་གཙོ་བོས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་ཕན་ཚུན་མཐུན་སྦྱོར་ཡག་པོ་དང་གོ་རིམ་ལྡན་པའི་ངང་ལས་དོན་སྤེལ་ཤེས་པ་བྱས་ཏེ་སྒྱུར་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་འཕེལ་རྒྱས་བརྟན་ལྷིང་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་ཁྲིད་དང་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་མངོན་གསལ་དོད་པོར་གཞིགས་ནས་གདུང་བཞི་ཀ་བརྒྱད་ཀྱི་ངོ་བོ་ལྡན་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་དམངས་མང་ཚོགས་ཚོའི་ཐོབ་ཚོར་ཆེ་རུ་གཏོང་བའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། དམངས་འཚོ་ལེགས་བཅོས་ལ་ཞབས་འདེགས་ཞུ་བ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུར་ཞབས་འདེགས་ཞུ་དགོས།
         ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཀྲུང་གོའི་(ཧྲང་ཧའེ་)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་ནས་ལོ་3རིང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྒྱལ་སྤྱིའི་ཚད་གཞི་མཐོ་ཤོས་དང་བསྡུར་བ་དང་གཞན་ཆ་དང་སྐྱོན་ཆ་འཚོལ་ཞིབ་བྱས་ཏེ་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་དང་མཉམ་འགུལ་ཐུབ་རྒྱུར་ཤུགས་སྣོན་རྒྱག་པ། ལས་དོན་སྤེལ་ཤུགས་དེ་བས་ཆེ་བའི་སྒོ་ནས་སྲིད་གཞུང་གི་འགན་ནུས་ལེགས་སུ་གཏོང་བ། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། སྒྱུར་བཅོས་མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་ཟློས་ལ་ཁྱབ་གདལ་གཏོང་ཆོག་པའི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་བརྩོན་ལེན་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཚན་རྩལ་བྱ་དགའི་ལམ་ལུགས་ནི་རང་བརྟེན་གསར་གཏོད་ལ་སྐུལ་ལྕག་གཏོང་བ་དང་། ཤེས་ལྡན་མི་སྣའི་གསོན་ཤུགས་འཕེལ་བ་བྱེད་པ། གསར་གཏོད་ཁོར་ཡུག་གཏོད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། རང་བརྟེན་གསར་གཏོད་ལ་སྐུལ་ལྕག་གཏོང་བ། རིན་ཐང་གི་སྟོན་ཕྱོགས་མངོན་གསལ་དོད་དུ་གཏོང་བ། ཡོངས་བསྒྲགས་དང་། དྲང་གཞག དྲང་བདེན་ཡོང་བ་བྱེད་པ་བཅས་ལ་དམིགས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའི་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཡོངས་བསྒྲགས་ངང་མིང་འདོན་དང་། ཚན་རིག་དང་མཐུན་པའི་དཔྱད་གླེང་། དྲང་གཞག་ཁ་གསལ། གཞུང་དྲང་ཚིག་གནས། སྤུས་ཚད་སྔོན་འཇོག སྤུས་ཞན་ཉུང་གཏོང་བཅས་བྱེད་དགོས། ཞིང་ཆེན་དང་པུའུ་རིམ་པའི་ཚན་རིག་ལག་རྩལ་བྱ་དགའ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་སྟོབས་ཤུགས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་ཚན་རྩལ་བྱ་དགའི་མ་ལག་སྐྲུན་དགོས།
         ཚོགས་འདུའི་ཐོག་ལོ་དེ་དག་ནང་ཏང་ཀྲུང་དབྱང་གིས་དམངས་འཚོར་ཕན་པའི་སྒྱུར་བཅོས་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད། དེའི་འགག་རྩ་ནི་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཡག་པོ་བྱས་པས་ཡིན། སྒྱུར་བཅོས་དོན་འཁྱོལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒྱུར་བཅོས་ཀྱི་གདེང་འཇོག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྒྱུར་བཅོས་ཀྱི་ལྟ་ཞིབ་ནུས་པ་འདོན་སྤེལ་བྱེད་པ། སྒྱུར་བཅོས་ཀྱི་བྱ་ཐབས་དང་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཚོའི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།