མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་འཚོ་ལེགས་བཅོས་ཀྱིས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          —— ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ།
           “རྒྱལ་ཁབ་སྐྱོང་བར་འཆར་ཅན་གནས་ལུགས་ཡོད་དགོས་པ་དང་། མང་ཚོགས་ལ་ཕན་བདེ་བསྐྲུན་རྒྱུ་རྩ་བར་འཛིན་དགོས”ཞེས་པ་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་གལ་འགངས་ཆེ་ཤོས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དེ་ཡིན།
         འདི་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་ཇུས་འགོད་བྱེད་པ་ནས་ཞིང་ཕན་ཞིང་དར་གྱི་ལས་དོན་བཀོད་སྒྲིག་བྱེད་པའི་བར་དང་། དེ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁྲལ་བྱེད་པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཐོག་ནས་མི་དམངས་ཀྱི་ལངས་ཕྱོགས་གསལ་པོ་མངོན་པ་དང་། མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་འདུས་ནས་དུས་བབ་གསར་པའི་འོག་གི་དམངས་འཚོའི་ལས་དོན་ལེགས་པར་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བར་རིམ་ཁག་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་སྔ་ཕྱི་བར་གསུམ་དུ་དམངས་འཚོ་སེམས་ནང་འཆང་བ་དང་དེར་རྟག་ཏུ་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཚོས་དོ་ཁུར་རྒྱ་ཁྱབ་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐད་གཅོད་བྱས་ཐོག་མི་སེར་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།
           “མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན”ཞེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་བར་ཕྱི་གསུམ་དུ་མི་དམངས་ལ་བརྩེ་སེམས་འཆང་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་དམངས་འཚོའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། ན་ནིང་རྒྱལ་ཡོངས་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དངོས་སུ་འཕར་ཚད་6.3%ཟིན་པ་དང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1240ཉུང་དུ་ཕྱིན་པ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱེད་ཚད་ཁང་པ་ཁྲི་600ལྷག་ཙམ་ཟིན་པ། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱེད་ཚད་དུད་ཚང་ཁྲི་380ཟིན་ཡོད། དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ལྕི་རུ་ཕྱིན་པའི་རྒྱབ་ལྗོངས་འོག་དམངས་འཚོའི་གྲུབ་འབྲས་གསལ་ཐོ་དེ་ལས་སླ་པོར་བྱུང་བ་ཞིག་མིན་པས་མི་རྣམས་སེམས་འགུལ་ཐེབས་པ་ཞིག་ཡོད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་མཇུག་སྒྲིལ་དུས་མེད། དུས་བབ་གསར་པའི་འོག་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའམ་ཡང་ན་སློབ་གསོ་དང་། སྨན་བཅོས། སྡོད་ཁང་། ཁོར་ཡུག བཟའ་བཅའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་དམངས་འཚོའི་དཀའ་གནད་སེལ་རྒྱུ་གང་ཞིག་ཡིན་རུང་ཚང་མར་ད་དུང་དཀའ་ཚེགས་ཆེ་བའི་ལས་དོན་མི་ཉུང་བ་ཞིག་སྒྲུབ་དགོས་ཀྱི་ཡོད། སྔར་ལས་ལྷག་པའི་སྒོ་ནས་དཀའ་སྤྱད་འབད་བརྩོན་བྱས་ཚེ་གཞི་ནས་དེ་བས་བདེ་སྐྱིད་ལྡན་པའི་དམངས་འཚོའི་འཆར་གཞི་འདིང་ཐུབ།
           དམངས་འཚོ་ལེགས་སུ་གཏོང་བར་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་མཐའ་འཁྱོངས་བྱས་ནས་ཐབས་ཤེས་ལ་དམ་འཛིན་དང་འགག་རྩར་དམ་འཛིན་དངོས་འབྲེལ་བྱེད་དགོས། གནད་སྨིན་ཇུས་འདོན་དང་ཕྲ་ཞིང་ཞིབ་པའི་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས“ཞིབ་ཕྲའི”ཐད་ཤུགས་མང་ཙམ་རྒྱག་པ་དང་། མང་ཚོགས་ཀྱི“དཀའ་གནད”འཚོལ་ཞིབ་བྱས་ཏེ་དམིགས་འབེན་ཡོད་པའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་མཐའ་ཚད་སྲུང་བ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གླེང་ཕྱོགས་ཀྱི་བསམ་ཕྱོགས་ལ་ཁྲིད་སྟོན་བྱེད་པ། “འགག་རྩར”དམ་འཛིན་བྱེད་པ། སྤྱི་ཚོགས་མཐིལ་འདེགས་ཀྱི་ལས་དོན་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་དམིགས་སའི་རང་བཞིན་དེ་བས་ཆེ་བ་དང་། ཁྱབ་ཁྱོན་དེ་བས་ཆེ་བ། ནུས་པ་ཐད་ཀར་འདོན་པ། ཕན་ནུས་དེ་བས་མངོན་གསལ་དོད་པ་བཅས་ཀྱི་བྱ་ཐབས་སྤྱད་ཚེ་གཞི་ནས་མང་ཚོགས་ཀྱི་སེམས་ཁྲལ་ཏན་ཏིག་སེལ་ཐུབ་པ་དང་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་ཐུབ།
           སྲིད་སྐྱོང་བར་གཙོ་བོ་བྱ་སྤྱོད་ལ་ཐུག་པ་དང་། དམངས་འཚོར་དམ་འཛིན་བྱེད་རྒྱུ་ལས་དོན་ཏན་ཏིག་བསྒྲུབ་རྒྱུར་ཐུག་ཡོད། དམངས་འཚོའི་ལས་དོན་སྤེལ་སྐབས་ཐད་ཀར་མི་སེར་དང་འབྲེལ་གཏུག་དང་རྩིས་བསྡུར་བྱེད་དགོས་པས་རྫུན་བཟོ་སྤུ་ཙམ་བྱས་ཀྱང་འགྲིག་ཐབས་མེད། ཧུར་བརྩོན་ཆེན་པོས་འགན་འཁྲི་ཡག་པོ་འཁུར་དགོས་ལ་ནུས་པས་ལྕོགས་ཚོད་ཀྱིས་ལས་དོན་བསྒྲུབས་ནས་ཁས་བླངས་པའི་བྱ་བ་མཐའ་དག་ལག་བསྟར་ཐུབ་པ་བྱེད་དགོས། 2020ལོར་སླེབས་སྐབས་ད་ཆའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཡོངས་རྫོགས་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཡོངས་རྫོགས་ཀྱི་དབུལ་པོའི་ཞྭ་མོ་འབུད་རྒྱུ་ནི་ཏང་དང་སྲིད་གཞུང་གིས་དམག་བཀའ་དང་ལེན་བྱས་པ་ཞིག་ཡིན། དམག་བཀའ་དང་ལེན་དེ་ལེགས་འགྲུབ་ཡོང་བའི་ཆེད་དུ་དབུལ་སྐྱོར་རྫུས་མ་དང་། གྲངས་ཙམ་གྱི་དབུལ་སྒྲོལ་གཏན་ནས་བྱེད་མི་རུང་ལ་དོན་དངོས་དང་མི་མཐུན་པར་དབུལ་སྒྲོལ་དུས་ཚོད་རེའུ་མིག་སྔ་སྣུར་དུ་ལག་ལེན་གཏན་ནས་མི་བསྟར་བར་གྲོང་ཚོ་རེ་དང་གྲོང་སྡེ་རེ་དང་། ཁྱིམ་ཚང་རེ་དང་དུད་ཚང་རེ་རེ་བཞིན་དུ་ལས་དོན་ཏན་ཏིག་བསྒྲུབས་ནས་དབུལ་པོ་བསྐྱར་ལོག་ཐེབས་རྒྱུ་སྔོན་འགོག་དང་མུ་མཐུད་འགག་སྒྲོལ་ཡོང་རྒྱུར་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་ཁས་ལེན་བྱེད་པ་དང་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་བསྡུར་ཐེག་པའི་དབུལ་སྐྱོར་དབུལ་སྒྲོལ་གྱི་གྲུབ་འབྲས་དངོས་གཏོད་དགོས། དོན་གཉེར་དང་བདེན་འཚོལ་བྱེད་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་བླང་བྱ་ཡིན་པ་མ་ཟད། དམངས་འཚོའི་ལས་དོན་ཧྲིལ་པོའི་ནང་ཏན་ཏིག་ངང་ཕན་འབྲས་ཐོན་པའི་བརྩོན་ལེན་བྱས་ཏེ“ཁོག་མའི་མཛེས་ལྗོངས”དོན་གཉེར་མི་བྱེད་པ་དང་། “ངོ་སྲུང་ལས་གྲྭ”དང“གཟུགས་བརྙན་ལས་གྲྭ”“བྱས་རྗེས་ལས་གྲྭ”བཅས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ཏེ་མང་ཚོགས་ཚོས་འགྱུར་ལྡོག་ངོ་མ་མཐོང་ཐུབ་པ་དང་ཕན་འབྲས་དངོས་འབྲེལ་ཐོན་པ་བྱེད་དགོས།
           ལས་ཞུགས་གསར་པ་དེ་བས་མང་བ་གཏོད་པ་དང་། མི་འབོར་དབུལ་པོ་ཉུང་དུ་དེ་བས་གཏོང་བ། དགུང་སྔོན་དང་སྤྲིན་དཀར་པོ་དེ་བས་མང་བ་ཡོང་བ། དམངས་འཚོའི་འགན་ལེན་དྲ་རྒྱ་དེ་བས་བཙན་པ་སྐྲུན་པ་སོགས་ཚོགས་འདུ་གཉིས་ཐོག་གི་དམངས་འཚོའི་ཇུས་འགོད་ལས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་གསོན་ཉམས་དོད་པའི་ངང་གསལ་འགྲེལ་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་དང་མཐུན་ཆ་གཅིག་མཐུན་བྱུང་ཡོད། དཀའ་བ་དུ་མ་མ་སྤྱད་ཚེ་བདེ་སྐྱིད་འཚོ་བ་ཡོང་མི་ཐུབ་པ་དང་། འབད་བརྩོན་ལྷོད་མེད་མ་བྱས་ཚེ་ཕུགས་འདུན་རང་བཞིན་གྱིས་འགྲུབ་མི་ཐུབ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་དམངས་ལ་སེམས་ཁྲལ་དང་། དམངས་ལ་དགའ་ཞེན། དམངས་ཀྱི་ཆེད། དམངས་ལ་ཕན་པ་བཅས་ཀྱི་ཤུགས་ཆེའི་བསམ་བློ་བཅངས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ལས་དོན་བསྒྲུབས་ཚེ་ཕུལ་དུ་བྱུང་བའི་དམངས་འཚོའི་ལས་དོན་གྱི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཐུབ་པ་དང་། མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བའི་འཆར་གཞི་མངོན་འགྱུར་ཡོང་ངེས་ཡིན།