མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་ཕེབས་ཏེ་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་མཇལ་འཛོམས་གནང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་31ཉིན། ཕྱི་འབྲེལ་པུའུ་ཡིས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་པ་དང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲེང་ཙེ་ཀོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་མི་འགྱངས་པར་ཨ་རིར་ཕེབས་ཏེ་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་མཇལ་འཛོམས་གནང་རྒྱུའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པའི་དྲི་བར་ལན་ཡང་བཏབ་པ་རེད།
             ཀྲེང་ཙེ་ཀོང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་4ཚེས་6ནས་7ཉིན་བར་ཨ་རིའི་ཧྥོ་ལོ་རི་ཏ་མངའ་སྡེ་(State of Florida)ཡི་ཧའེ་ཧུའུ་གཞིས་ཀར་ཙུང་ཐུང་ཐི་རོམ་ཕུ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་མཇལ་འཛོམས་གནང་བར་བྱ་རྒྱུ་རེད། འདི་ནི་ཨ་རིའི་སྲིད་གཞུང་གསར་པ་བཙུགས་ཚུན་དུ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་མཇལ་འཛོམས་ཐེངས་དང་པོ་ཡིན་པས། དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་ཕྱོགས་གཏན་འཁེལ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འགོ་ཚུགས་ས་གསར་པའི་ཐོག་ནས་བརྟན་ལྷིང་བདེ་འཇགས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ། དེ་ཙམ་མ་ཟད་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་གི་རྫོགས་ལྡན་ལ་སྐུལ་སྤེལ་གཏོང་བ་ཚང་མར་དོན་སྙིང་གལ་ཆེན་ཡོད་པ་རེད། རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་མི་འགྱངས་པར་མཇལ་འཛོམས་གནང་རྒྱུ་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཙུང་ཐུང་ཐི་རོམ་ཕུ་དང་སྐུ་ལྕམ་མའེ་ལཱ་ཉི་ཡཱ་རྣམ་གཉིས་ཀྱིས་བཤམས་པའི་གསོལ་སྟོན་དུ་ཞུགས་རྒྱུ་རེད། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་ཐུན་མོང་དུ་ཐུགས་ཁུར་གནང་བའི་རྒྱལ་སྤྱིའི་ས་ཁུལ་གཙོ་གྲས་ཀྱི་གནད་དོན་ལ་བསམ་འཆར་བརྗེ་རེས་གནང་སྟེ་ཕན་ཚུན་ཆ་རྒྱུས་ལེན་རེས་ཟབ་མོ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད། ཕྱོགས་གཉིས་སྤེལ་རེས་སྐུལ་སྤེལ་བཏང་སྟེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་ཡོང་བར་ཁ་ཕྱོགས་གསལ་སྟོན་དང་འཆར་འགོད་གནང་རྒྱུ་ཡིན་པ་རེད།
            ཀྲེང་ཙེ་ཀོང་གིས་བཤད་དོན། ཀྲུང་གོ་དང་ཨ་རི་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེ་བ་དང་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཆེས་ཆེ་བ། འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེ་གྲས་མདུན་མ་གཉིས་ཡིན་པས། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རྫོགས་ལྡན་ཕྱོགས་སུ་སྐྱོད་པའི་དམིགས་བསལ་གྱི་འགན་ཁུར་གལ་ཆེན་ཡོད་ལ། ཐུན་མོང་གི་ཁེ་ཕན་ཁྱབ་ཆེན་ཡང་ཡོད་པ་རེད། ཀྲུང་གོ་དང་ཨ་རི་བར་ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་ཀྱིས་ཐུན་མོང་གི་འབད་བརྩོན་ཁྲོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཡང་མིག་མཐོང་ལག་ཟིན་གྱི་ཁེ་ཕན་ཐོབ་ཡོད་པ་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། རྫོགས་ལྡན་དུས་སུ་བརྩོན་པར་བྱས་རྗེས་གལ་ཆེན་བཞག་ཡོད། ཨ་རིའི་སྲིད་གཞུང་གསར་པ་བཙུགས་ཚུན། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱི་རིམ་གྲས་ཁག་གི་བར་དུ་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ཡོད། ལྷག་པར་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐི་རོམ་ཕུ་དང་ཞལ་པར་ཐེངས་གཉིས་བསྐྱོན་པ་དང་། འཕྲིན་ཡིག་གཏོང་རེས་ཐེངས་མང་གནང་སྟབས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད་ལ། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་མཉམ་ལས་རོགས་ཟླ་བཟང་པོ་ཞིག་འགྱུར་རེ་ཡོད་པ་བསྟན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་སྔ་མོ་ནས་མཇལ་འཛོམས་གནང་རྒྱུར་རེ་སྒུག་བྱས་ཡོད་པ་རེད། 
            ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་དབུ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་ལག་ལེན་དོན་འཁྱོལ་བྱས་ཏེ་གདོང་ཐུག་མི་བྱེད་པ་དང་འགོག་རྒོལ་མི་བྱེད་པར། ཕན་ཚུན་བརྩི་བཀུར་དང་། མཉམ་ལས་གཉིས་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་མཐུན་སྦྲེལ་ཤུགས་སྣོན་དང་མཉམ་ལས་རྒྱ་སྐྱེད་བྱས་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་འགོ་ཚུགས་ས་གསར་པ་ཞིག་གི་ཐོག་ནས་འཕེལ་རྒྱས་ཆེན་པོ་ཡོང་བར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་དགོས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་ཁ་ཕྱོགས་གཅིག་ཏུ་མདུན་སྐྱོད་དང་མཉམ་ལས་གཏིང་ཟབ། ལས་དོན་ཁག་ཞིབ་ཅིང་ཚགས་པའི་ངང་བསྒྲུབ་ཏེ་ཀྲུང་གོ་དང་ཨ་རིའི་དབུ་འཛིན་མཇལ་འཛོམས་གནང་རྒྱུ་ལམ་ལྷོང་ཡོང་བའི་འགན་ལེན་གྱི་རེ་བ་བྱེད་བཞིན་ཡོད།