མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ཨའི་གཙོ་བདག་ཞི་ཅིན་ཕིང་དང་ཐེ་རོན་ཕུ་རྣམ་གཉིས་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 08:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་ཨའི་གཙོ་བདག་ཞི་ཅིན་ཕིང་དང་ཐེ་རོན་ཕུ་རྣམ་གཉིས་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཧྥོ་ལོ་ལི་ཏ་ཀྲོའུ་ཡི་མཚོ་མཚེའུ་གཞིས་ཀར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཀྲུང་ཨའི་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཏིང་ཟབ་ལ་མཛའ་ཞིང་མཐུན་པ་དང་དུས་ཡུན་རིང་བའི་མཇལ་འཛོམས་གནང་བ་དང་། ཕྱོགས་གཉིས་པོས་ཀྲུང་ཨའི་འབྲེལ་བར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རིམ་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཨའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ཕན་འདོགས་རྒྱུར་སྐུལ་འདེད་གཏོང་བའི་མོས་མཐུན་གནང་བ་རེད།
         ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་མཚོ་མཚེའུ་གཞིས་ཀར་ཆིབས་སྒྱུར་གནང་བ་དང་ཐེ་རོན་ཕུ་དང་སྐུ་ཟླ་མེ་ལཱ་ཉི་ཡས་རླངས་འཁོར་འཇོག་ཡུལ་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུར་བཅར་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་སྟངས་དཔྱལ་གྱིས་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་དང་མཛའ་བརྩེའི་བཀའ་མོལ་ཡང་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་སྟངས་དཔྱལ་གྱིས་ཐེ་རོན་ཕུའི་ཚ་མོ་དང་ཚ་བོས་རྒྱ་སྐད་ནས་བཏང་བའི་གླུ་གཞས་《བ་སྤུ་མེ་ཏོག་》དང་། 《བསྟན་བཅོས་འབྲུ་གསུམ་མ་》དང་ཐང་རྒྱལ་རབས་ཀྱི་སྙན་ངག་ངག་སྐྱོར་བཏང་བ་མཉམ་དུ་གསན་པ་རེད།
         མཇལ་འཛོམས་གནང་སྐབས་ཞི་ཅིན་ཕིང་གིས། དུས་སྐབས་ཤིག་གི་ཚུན་དུ་ང་དང་སྐུ་ཞབས་ཙུང་ཐུང་དབར་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཤིང་། ཁ་པར་དང་འཕྲིན་ཡིག་ནས་འབྲེལ་བ་ཐེངས་མང་བྱས་པ་ཡིན། སྐུ་ཞབས་ཙུང་ཐུང་གི་གདན་ཞུས་ལྟར་རང་ཉིད་ཨ་རིར་ད་ཐེངས་ཀྱི་མཇལ་འཛོམས་ལ་སླེབས་པར་ཧ་ཅང་དགའ་པོ་བྱུང་། ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་ཀྲུང་ཨའི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གང་མང་ཆགས་པར་བྱས་ཏེ་དུས་སྐབས་གསར་པའི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་སྟོན་འདོད་ཡོད་ཅེས་གསུངས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡག་པོས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཡོད་པ་མ་ཟད། འཛམ་གླིང་ལ་ཡང་ཕན་པ་ཡོད། ང་ཚོར་ཀྲུང་ཨའི་འབྲེལ་བ་ཡག་ཏུ་གཏོང་བའི་རྒྱུ་མཚན་སྟོང་ཕྲག་ཡོད་པ་ལས་ཀྲུང་ཨའི་འབྲེལ་བ་སྡུག་ཏུ་གཏོང་བའི་རྒྱུ་མཚན་གཅིག་ཀྱང་མེད། ཀྲུང་ཨའི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་ནས་ལོ་45སོང་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མ་གཞི་དྲག་ཆར་རླུང་འཚུབ་འཕྲད་མྱོང་ཡོད་མོད། འོན་ཀྱང་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་་ཆེན་པོ་བསྐྲུན་ཡོད། སླད་ཕྱིན་ལོ་45རིང་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཇི་ལྟར་གཏོང་མིན་ཐད་ང་ཚོས་བསམ་གཞིག་ནན་ཏན་བྱེད་དགོས་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཆབ་སྲིད་ཀྱི་ཇུས་ཐག་བཅད་ནས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས། ངས་སྐུ་ཞབས་ཙུང་ཐུང་མཆོག་དང་མཉམ་དུ་འགོ་འཛུགས་ས་གསར་པར་ཀྲུང་ཨའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་འཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
          ཞི་ཅིན་ཕིང་གིས་བསྟན་དོན། མཉམ་ལས་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གདམ་ཀ་ཡང་དག་འབའ་ཞིག་དེ་ཡིན་པས། ང་ཚོ་རྒྱལ་ཁབ་གཉིས་མཉམ་ལས་རོགས་ཟླ་ཡག་ཤོས་ལ་ཡོངས་སུ་འགྱུར་ཐུབ། དུས་མཚམས་རྗེས་མར་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མཐོ་རིམ་སྤེལ་རེས་ལ་འཆར་འགོད་དང་བཀོད་སྒྲིག་ཡག་པོ་བྱེད་དགོས། སྐུ་ཞབས་ཙུང་ཐུང་ལོ་འདིའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་རྒྱུར་ངས་དགའ་བསུ་ཞུ་ཡི་ཡིན། ཕྱོགས་གཉིས་པོས་མུ་མཐུད་ཐབས་ཤེས་སྣ་ཚོགས་བརྒྱུད་ནས་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱ་ཆོག གསར་དུ་བཙུགས་པའི་ཕྱི་འབྲེལ་བདེ་འཇགས་གྲོས་མོལ་དང་། ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོས་མོལ། ཁྲིམས་འཛིན་དང་དྲ་རྒྱའི་བདེ་འཇགས་གྲོས་མོལ། སྤྱི་ཚོགས་དང་མི་ཆོས་གྲོས་མོལ་བཅས་རིམ་པ་མཐོ་བའི་གྲོས་མོལ་མཉམ་ལས་ལམ་སྲོལ་4བེད་སྤྱོད་གང་ལེགས་གཏོང་དགོས། མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་མཉམ་ལས་ཀྱི་གསལ་ཐོ་བཟོས་ཏེ་འབྲས་བུ་སྔ་ཙམ་སྨིན་ཐུབ་པའི་བརྩོན་ལེན་བྱེད་དགོས། ཕྱོགས་གཉིས་པོའི་མ་འཇོག་གི་གྲོས་ཆོད་གྲོས་མོལ་ལ་སྐུལ་སྤེལ་གཏོང་བ་དང་ཕྱོགས་གཉིས་ཀྱི་ཚོང་དོན་དང་མ་འཇོག་གི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་དཔྱད་མོལ་བྱེད་དགོས། ཚོར་སྣང་སྐྱེན་པའི་གནད་དོན་ལ་ཐག་གཅོད་འོས་འཚམ་བྱས་ཏེ་དགེ་མཚན་ལྡན་པའི་སྒོ་ནས་འགལ་ཟླར་དོ་དམ་དང་ཚོད་འཛིན་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་སྤེལ་རེས་དང་མཐུན་སྦྱོར་བྱས་ནས་ཐུན་མོང་ཐོག་ས་ཁུལ་གྱི་གླེང་མང་བའི་གནད་དོན་ལ་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་སྤེལ་གཏོང་བ་དང་ཁྱབ་འགྱེད་སྔོན་འགོག་དང་རྒྱལ་ཁོངས་སྒྲོལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་སློང་ལ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་པོའི་ལམ་སྲོལ་གྱི་ནང་དུ་སྤེལ་རེས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་སྲུང་སྐྱོང་བྱེད་དགོས།
          ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་མཚོ་མཚེའུ་གཞིས་ཀར་འཚམས་འདྲིར་ཕེབས་པར་སླར་ཡང་དགའ་བསུ་ཞུས་གནང་ཞིང་། ཐེ་རོན་ཕུས། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཡིན་པའི་ངོས་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་ལ་འགན་འཁྲི་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་གནད་དོན་གལ་ཆེན་ལ་སྤེལ་རེས་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་དགོས་ལ། ཐུན་མོང་ཐོག་དོན་ཆེན་འགའ་ཡང་བསྒྲུབ་ཆོག ད་ཐེངས་ཀྱི་ཨ་ཀྲུང་གཙོ་བདག་མཇལ་འཛོམས་ལ་ངས་རེ་བ་ཆེན་པོ་འཆང་བཞིན་ཡོད་པས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལས་ཀའི་འབྲེལ་བ་ཡག་པོ་བཙུགས་ནས་ཨ་ཀྲུང་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་འཐོབ་རྒྱུར་སྐུལ་འདེད་ཐུབ་རེ་བྱེད་ཀྱི་ཡོད་ཅེས་གསུངས། ཐེ་རོན་ཕུས་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་དགའ་ཚོར་ཆེན་པོས་དང་ལེན་གནང་བ་དང་འབྲེལ། གང་མགྱོགས་ཕེབས་ཐུབ་རེ་ཡང་གནང་བ་རེད།

༄༅།།ཀྲུང་ཨའི་གཙོ་བདག་ཞི་ཅིན་ཕིང་དང་ཐེ་རོན་ཕུ་རྣམ་གཉིས་མཇལ་འཛོམས་གནང་བ།