མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཐོག་གཉིས་པས་ཀྲུང་ཅོར་དབར་ཕྱི་འབྲེལ་
འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 08:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཐོག་གཉིས་པས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།
          ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ལོ་40རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་མཐོ་རིམ་འགྲོ་འོང་ཡང་སེ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་ཡག་པོ་རྒྱུན་འཁྱོངས་བྱས་པ་དང་དཔལ་འབྱོར་ཉོ་ཚོང་དང་། རིག་གནས། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ནང་སྤེལ་རེས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། 2015ལོར་ང་ཚོས་མཉམ་དུ་ཀྲུང་ཅོར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་རེད། མ་འོངས་པར་རྒྱང་ལྟ་བྱེད་སྐབས་ངས་ཀྲུང་ཅོར་འབྲེལ་བའི་མདུན་ལམ་ཡངས་པོར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་ཅོར་འབྲེལ་བའི་འཕེལ་རྒྱས་ལ་ཡང་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་ཁྱེད་དང་ལྷན་དུ་ལག་གདང་སྦྲེལ་ནས་འབད་འཐབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་ཐུབ་པ་བྱེད་འདོད་ཡོད་ཅེས་གསུངས།
          ཨ་པུའུ་ཏུའུ་ལ་སྐུ་ཐོག་གཉིས་པས་རྟེན་འབྲེལ་གློག་འཕྲིན་ནང་ཅོར་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་པོའི་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་སོང་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ངས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་ཟབ་མོ་ཆགས་པར་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས།