མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཨ་ལ་སི་ཅ་ཀྲོའུ་ཡི་ཀྲོའུ་ཀྲང་ཝོ་ཁེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཨ་ལ་སི་ཅ་ཀྲོའུ་ཨན་ཁེ་ལུའེ་ཆིར་ཨ་ལ་སི་ཅ་ཀྲོའུ་ཡི་ཀྲོའུ་ཀྲང་ཝོ་ཁེ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ད་རེས་ང་ཙུང་ཐུང་ཐེ་རོན་ཕུའི་གདན་ཞུས་ལྟར་ཧྥོ་ལོ་ལི་ཏ་ཀྲོའུ་ཡི་མཚོ་མཚེའུ་གཞིས་ཀར་ཀྲུང་ཨའི་གཙོ་བདག་གི་མཇལ་འཛོམས་ལ་ཡོང་བ་དང་དེའི་དམིགས་ཡུལ་ནི་དུས་སྐབས་གསར་པའི་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཆེན་པོར་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་དེ་ཡིན། ང་དང་ཙུང་ཐུང་ཐེ་རོན་ཕུའི་དབར་གྱི་མཇལ་འཛོམས་དེ་ཧ་ཅང་ཡག་པོ་བྱུང་ནས་ཐུན་མོང་གི་ངོས་འཛིན་མང་པོ་གྲུབ་སྟེ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ས་གནས་ཀྱི་མཉམ་ལས་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་གསོན་ཤུགས་ལྡན་ཤོས་ཀྱི་གྲུབ་ཆའི་གྲས་ཤིག་རེད། ཨ་ལ་སི་ཅ་ཀྲོའུ་དང་ཀྲུང་གོའི་དབར་ལོ་རྒྱུས་རིང་པོ་ལྡན་ཡོད། ཨ་ལ་སི་ཅ་ཀྲོའུ་དང་ཨན་ཁེ་ལུའེ་ཆི་གྲོང་ཁྱེར་ནི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལོ་རྒྱུས་ཀྱི་དཔང་པོ་ཞིག་རེད། ཀྲུང་གོ་དང་ཨ་ལ་སི་ཅ་ཀྲོའུ་དབར་ཐོན་ལས་གསབ་རེས་བྱེད་ཤུགས་ཆེ་བ་དང་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་དུས་མཚུངས་མི་མངོན་པའི་སྟོབས་ཤུགས་ཆེན་པོ་སྔོག་འདོན་བྱ་རྒྱུ་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་བཏང་ནས་ནུས་གཏེར་དང་། སྣུམ་རླངས་ཐོན་ཁུངས། ཉ་ལས་སོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དགུན་དུས་ཀྱི་གངས་འཁྱགས་ལུས་རྩལ་སྤེལ་རེས་བྱས་ནས་མི་དམངས་དབར་གྱི་མཛའ་མཐུན་ཟབ་ཏུ་འགྲོ་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
         ཝོ་ཁེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་ལ་སི་ཅ་ཀྲོའུ་རུ་འཚམས་འདྲིར་ཕེབས་རྒྱུར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཨ་ལ་སི་ཅ་ཀྲོའུ་ཡི་ཚོང་དོན་རོགས་ཟླ་གལ་ཆེན་དང་ཆུ་ཐོན་དངོས་ཟོག་ཕྱིར་གཏོང་གི་ཁྲོམ་ར་ཆེ་ཤོས་ཤིག་རེད། ཨ་ལ་སི་ཅ་ཀྲོའུ་ཡི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཀྲུང་གོའི་ཞིང་ལས་དང་། ཉ་ལས། སྣུམ་རླངས། གཏེར་ཁ། ཡུལ་སྐོར་སོགས་ཁྱབ་ཁོངས་དང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་ལ་ཀྲུང་གོ་མི་དམངས་དང་འགྲོ་འོང་ཡང་དམ་ཟབ་བྱེད་འདོད་ཡོད་ཅེས་བཤད་པ་རེད།