མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལིན་ཀྲེང་གཡོད་ཨེ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ལིན་ཀྲེང་གཡོད་ཨེ་ལ་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ་གསར་དུ་བདམས་ཐོན་བྱུང་བ་དང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་ལྔ་པ་ལིན་ཀྲེང་གཡོད་ཨེ་ལ་མཇལ་འཕྲད་གནང་བ་རེད།
         ཞི་ཅིན་ཕིང་གིས་ལིན་ཀྲེང་གཡོད་ཨེ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་ལྔ་པར་བསྐོ་གཞག་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁྱེད་སྲིད་གཞུང་ནང་ཕྱག་ལས་གནང་ནས་ལོ་36ཕྱིན་པ་དང་ལྷག་པར་དུ་ཤང་ཀང་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་བྱུང་རྗེས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ནང་གོ་གནས་གལ་ཆེན་མང་པོ་འཁུར་ཡོད་ལ་རྒྱལ་ཁབ་དང་ཤང་ཀང་ལ་གཅེས་པའི་ལངས་ཕྱོགས་བརྟན་པ་དང་། སྙིང་རུས་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་པ། སྲིད་འཛིན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། རྙོག་འཛིང་གི་དུས་བབ་ལ་ཁ་ལོ་སྒྱུར་བའི་འཇོན་ཐང་ལྡན་པ། ཤང་ཀང་སྤྱི་ཚོགས་ནང་ཁས་ལེན་གང་ལེགས་ཐོབ་པ། རྒྱལ་ཁབ་དང་ཤང་ཀང་ལ་སེམས་ནུས་འདོན་པ། འགན་འཁུར་ཕོད་པ་བཅས་ཀྲུང་དབྱང་གིས་སྲིད་འཛིན་དཔོན་ལ་བཏོན་པའི་ཚད་གཞི་དང་རྦད་དེ་འཚམ་ཡོད། ཁྱེད་བདམས་ཐོན་བྱུང་བ་དེ་ནི་མིང་དོན་མཚུངས་པ་ཞིག་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་འདི་ལོ་ནི་ཤང་ཀང་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་བྱས་ནས་ལོ་20འཁོར་བའི་ལོ་རེད། ལོ་20རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དེ་ཤང་ཀང་དུ་ལག་ལེན་བསྟར་བར་བརྟེན་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལམ་ལུགས་ནུས་ལྡན་ངང་འཁོར་རྒྱུག་བྱུང་བ་དང་ཤང་ཀང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད། དེ་དང་ཆབས་ཅིག་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དེ་ཤང་ཀང་དུ་ལག་ལེན་བསྟར་བའི་ཐད་ལའང་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་མདུན་སྐྱོད་ཐུབ་པ་བྱེད་དགོས། ལོ་20རིང་ཤང་ཀང་གིས་ཆར་རླུང་མང་པོ་བརྒྱུད་མྱོང་བ་དང་འགྲན་སློང་དང་ཉེན་ཁ་ཡང་འཕྲད་ཡོད་ལ་གོ་སྐབས་དང་རེ་བ་ཡང་མང་པོ་འཕྲད་ཡོད། གསར་དུ་བསྐོ་གཞག་བྱས་པའི་སྲིད་འཛིན་དཔོན་ཁྱེད་ཀྱི་འགན་འཁྲི་ལྕི་ལ་འོས་འགན་ཡང་གཟི་བརྗིད་ཡིན། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་མཐའ་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པ་དང་འགྱུར་ལྡོག་གཏོང་མི་སྲིད་ལ་གཡོ་འགུལ་ཡང་གཏོང་མི་སྲིད་པར་ནུས་ཤུགས་ཡོད་རྒུས་ཁྱེད་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁྱེད་ཀྱིས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་སྣེ་ཁྲིད་དེ་རྒྱ་ཆེའི་སྤུན་ཟླ་ཤང་ཀང་བར་དམ་པོར་བརྟེན་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཇུས་དང་གཞི་རྩའི་བཅའ་ཁྲིམས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དོན་འཁྱོལ་གྱིས་མཐུན་སྒྲིལ་བསྟུན་མཁས་དང་། ནུས་སེམས་གཅིག་སྒྲིལ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ཤང་ཀང་འཕེལ་རྒྱས་དང་ཡར་རྒྱས་འགྲོ་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།