མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་མཐུན་སྦྱོར་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་མཐུན་སྦྱོར་བཞུགས་མོལ་ཚོགས་འདུ་ཐེངས་64པ་འཚོགས་ཏེ“རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ལས་རིགས་ཀྱི་གཞོན་ནུ་དང་དར་མའི་འཐུས་མི་གསོ་སྐྱོང་བྱ་རྒྱུར”དམིགས་ནས་ཐབས་དང་ཇུས་བཏོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
            རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞུའེ་ཁྲེང་དང་། ལི་ཀོང་ཕུའུ། དབྱང་ཧྥ་མིང་། མ་དབྱིང་ལིན། ཕུའུ་ཤན་ཝུའེ། ཀྲུའུ་ཝུའེ་ཆུན། ཝང་ཞུའེ་རན། དབྱང་སུང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ལིའུ་ཡོན་ལུང་། ཀྲང་ཧྥུང་ལུའེ། ལུའོ་དབྱི་མིན། ལུའེ་ཁྲུན་མེ། ཁྲེན་ཀྲེན་ཧྲན། ཧོ་ཅུན་ཁོ་བཅས་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཏུང་མེ་ཆིན་དང་ཝང་ཁྲེ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་མ་འཚོག་གོང་ཆེད་མངགས་ཡིག་ཐོག་གཏམ་བཤད་གོང་འབུལ་ཞུས་ཡོད།
          ཨུ་ཡོན་ཚོས་ངོས་འཛིན་གནང་དོན། ཤེས་ལྡན་མི་སྣ་གསོ་སྐྱོང་ནི་དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩའི་གནད་དོན་ཞིག་རེད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་འགོད་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་གསོ་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པས་རྒྱལ་གཅེས་ཆོས་གཅེས་དང་ལོ་ན་གཞོན་ཞིང་འཇོན་ཐང་ཆེ་བའི་གཞོན་ནུ་དར་མའི་འཐུས་མི་མི་ཉུང་བ་ཞིག་འཚར་ལོངས་བྱུང་ཡོད། ཡིན་ནའང་སྤྱིའི་ཆ་ནས་བལྟས་ན། ཆོས་ལུགས་ལས་རིགས་ཁག་ཏུ་བྱང་ཚད་ཧ་ཅང་མཐོ་བ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཐུས་མི་སྔར་བཞིན་དཀོན་པོ་ཡོད། དེར་བརྟེན་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཐད་དམངས་ཀྱི་གོང་བཀུར་ཐོབ་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དེ་བས་མང་པོ་གསོ་སྐྱོང་བྱས་ཏེ་དད་ལྡན་མང་ཚོགས་ཁྲིད་སྟོན་དང་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ནི་ཆོས་ལུགས་ལས་རིགས་ཚོགས་པས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། ཆོས་ལུགས་ཚོགས་པའི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན།
           ཨུ་ཡོན་འགའ་ཞིག་གི་གྲོས་འགོ་བཏོན་དོན། གཅིག་ནས་ཏང་སྲིད་སྡེ་ཚན་གྱིས་ཆོས་ལུགས་མི་སྣ་གསོ་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། ལས་ཀའི་སྤྱི་ཡོངས་ནས་གསོ་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་རང་བཞིན་ངོས་འཛིན་བྱས་ཏེ་ཆོས་ལུགས་ཚོགས་པར་འཕེལ་རྒྱས་ནང་འཕྲད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་སྲིད་གཞུང་གི་ཁྲིད་སྟོན་དང་། ཆོས་ལུགས་ཚོགས་པ་བྱེད་པོར་བྱེད་པ། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། མ་དངུལ་དང་ས་ཆ་བེད་སྤྱོད་སོགས་ཐད་སྲིད་གཞུང་གིས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས། ཆོས་ལུགས་ཚོགས་པས་སློབ་གླིང་ཡག་པོ་གཉེར་རྒྱུའི་བྱེད་པོའི་འགན་འཁྲི་དང་དུ་བླངས་ནས་སློབ་གཞི་དང་། སློབ་གྲྭའི་ལམ་ལུགས། དགེ་རྒན། སློབ་ཚན་མ་ལག་སོགས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ནུས་པ་འདོན་སྤེལ་བྱས་ཏེ་ཆོས་ལུགས་སློབ་གླིང་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། གསུམ་ནས་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོ་ཟུང་འབྲེལ་ཡག་པོ་བྱས་ནས་ཆོས་ལུགས་ཀྱི་སྲོལ་རྒྱུན་སློབ་གསོར་ཁྲིད་སྟོན་དང་ཚད་ལྡན་དུ་བཏང་སྟེ་ཆོས་ལུགས་སློབ་གླིང་གི་སློབ་གསོ་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་སློབ་གསོ་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་འཚོལ་ཞིབ་དང་ཞིབ་འཇུག་བྱེད་དགོས་པ། བཞི་ནས་གཞོན་ནུ་དར་མའི་འཐུས་མི་གསོ་སྐྱོང་བེད་སྤྱོད་དང་དམངས་གཙོ་ལྟ་སྐུལ་ལ་མཐོང་ཆེན་བྱེད་དགོས་ཤིང་། ཆོས་ལུགས་སློབ་གླིང་དང་ཆོས་ལུགས་ཚོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞོན་ནུ་དར་མའི་ཆོས་ལུགས་མི་སྣ་གསོ་སྐྱོང་བེད་སྤྱོད་དང་རྒྱུན་གཏན་ལྟ་སྐུལ་བྱས་ནས་ཆོས་ལུགས་ཚོགས་པའི་བསམ་འཆར་ཉན་རྒྱུར་མཐོང་ཆེན་བྱེད་དགོས་པ། ལྔ་ནས་གསོ་སྦྱོང་ལ་ཤུགས་སྣོན་དང་། རྒྱལ་དམངས་སློབ་གསོའི་རྒྱབ་སྐྱོར་མ་ལག་ཚད་ལྡན། རྒྱལ་དམངས་སློབ་གསོའི་ཐོན་ཁུངས་བེད་སྤྱོད། གསོ་སྦྱོང་བྱེད་ཤུགས་ཆེར་གཏོང་བཅས་བྱས་ནས་ཆོས་ལུགས་མི་སྣའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།
          ཨུ་ཡོན་ཚོས་ད་དུང་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུ་དང་ཆོས་ལུགས་སློབ་གླིང་ཡག་པོ་གཉེར་རྒྱུ་སོགས་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཡུས་ཀྲེང་ཧྲེང་གིས་བསམ་འཆར་གསན་རྗེས་དུས་ངེས་མེད་ངང་ཚང་མ་དང་སྤེལ་རེས་གནང་བ་རེད།