མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ཁེ་ལས་ལ་དུས་ཚིགས་དང་པོར་འགོ་བཙུགས་མ་ཐག་ཚོང་གཉེར་ཡོང་འབབ་
ལེགས་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། དུས་ཚིགས་དང་པོར་ཀྲུང་དབྱང་ཁེ་ལས་ལ་རིམ་རྩིས་བྱས་ན་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་6བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་19.2%འཕར་བ་དང་། ཁེ་སྤོགས་སྒོར་དུང་ཕྱུར་3120བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་23.2%འཕར་ནས་ཚོང་གཉེར་ཡོང་འབབ་དང་ཁེ་སྤོགས་གཉིས་ཀ་ཉེ་བའི་ལོ་ཤས་རིང་གི་དུས་མཚུངས་ཀྱི་མཐོ་ཤོས་ཡིན་པ་རེད།
           བསྡོམས་རྩིས་ལས་མངོན་པར་གཞིགས་ན། དུས་ཚིགས་དང་པོར་ཀྲུང་དབྱང་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་འཕར་ཚད་ཐད་ཟླ་རེར་གང་མགྱོགས་འཕར་བའི་རྣམ་པ་མངོན་ཞིང་། ཀྲུང་དབྱང་ཁེ་ལས་102ཀྱི་ཁྲོད་ཁེ་ལས་91གི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་འཕར་བ་དང་། ཁེ་ལས་54ཡི་ཡོང་འབབ་འཕར་ཚད་10%ལྷག་ཙམ་ཟིན་པ་དེའི་ནང་རྡོ་སྣུམ་རྫས་འགྱུར་དང་། ངར་ལྕགས། རྡོ་སོལ་སོགས་ལས་རིགས་ཀྱི་ཡོང་འབབ་འཕར་ཚད་40%ལྷག་ཙམ་དང་། དམག་དོན་བཟོ་ལས་དང་། ཨར་ལས་རྒྱུ་ཆ། སྨན་དང་སྨན་བཅོས། དེང་རབས་ཞབས་ཞུ་སོགས་ལས་རིགས་ཀྱི་ཡོང་འབབ་འཕར་ཚད་10%ལྷག་ཙམ་ཟིན་ཡོད་པ་རེད།
           དེ་དང་ཆབས་ཅིག་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་སྤུས་ཚད་ཇེ་མཐོར་སོང་ཞིང་། དུས་ཚིགས་དང་པོར་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་ལོ་གོང་མའི་དུས་མཚུངས་ལས་23.2%འཕར་བ་དེའི་ནང་ཟླ་གསུམ་པར་ཁེ་སྤོགས་བསྡོམས་འབོར་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད། ཀྲུང་དབྱང་གི་ཁེ་ལས་102ཀྱི་ཁྲོད་ཁེ་ལས་99ལ་ཁེ་སྤོགས་མང་པོ་བྱུང་བ་དང་། ཁེ་ལས་81གི་ཁེ་སྤོགས་འཕར་བ། ཁེ་ལས་43གྱི་ཕན་འབྲས་ཆེ་རུ་འགྲོ་ཚད་10%ལྷག་ཙམ་ཟིན་ཡོད། རྡོ་སྣུམ་རྫས་འགྱུར་དང་། ངར་ལྕགས། མདོག་ལྡན་ལྕགས་རིགས། རྡོ་སོལ་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་ཕན་འབྲས་རིམ་བཞིན་བསྐྱར་འཕར་བྱུང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། སྨན་དང་སྨན་བཅོས། དེང་རབས་ཞབས་ཞུའི་ལས་རིགས་སོགས་ལས་རིགས་ཀྱི་ཕན་འབྲས་དང་ལེགས་སྐྱེས་འབུལ་ཚད་བརྟན་པོའི་ངང་འཕར་ནས་དཔལ་འབྱོར་གྱི་ཕན་འབྲས་འཕར་བའི“སྒུལ་བྱེད་འཕྲུལ་འཁོར་གཉིས”གཏོང་འགོ་ཚུགས་ཡོད་པ་རེད།