མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ཚོད་ལྟའི་ལས་དོན་ཕྱོགས་
ཡོངས་ནས་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། སྨན་བཅོས་ཀྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བ་ནི་སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཉམ་དུ་སྒྱུར་བཅོས་གཏིང་ཟབ་དང་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ནས། གཞི་རིམ་མང་ཚོགས་ལ་སྨན་བཅོས་ཀྱི་ཞབས་ཞུ་སྤུས་ལེགས་དང་སྟབས་བདེ་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧོ་ཧྲེང་གིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག 2017ལོར་རང་རྒྱལ་གྱིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་སྒྲོམ་གཞི་རགས་ཙམ་ཆགས་པར་བྱས་ཏེ། བྱེད་ཐབས་སྣ་མང་ལ་བརྟེན་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
       ཝང་ཧོ་ཧྲེང་གིས་2016ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་205ཡིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ཚོད་ལྟའི་ལས་དོན་སྤེལ་ནས། “གྲོང་ཁྱེར་གྱི་སྨན་བཅོས་ཚོགས་པ་དང་། རྫོང་ཁོངས་ཀྱི་ཐུན་མོང་སྨན་བཅོས་སྒྲིག་གཞི། ས་ཁོངས་འདས་པའི་ཆེད་ཚན་མནའ་འབྲེལ། རྒྱང་རིང་གི་སྨན་བཅོས་མཉམ་ལས་དྲ་རྒྱ”སོགས་ཅུང་འཐུས་སྒོ་ཚང་བའི་རྣམ་པ་ཞིག་རིམ་བཞིན་ཆགས་ཏེ། ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཉམས་མྱོང་ངེས་ཅན་བསགས་ཡོད་ཅེས་བརྗོད།
      ཝང་ཧོ་ཧྲེང་གིས་སྨན་བཅོས་ཀྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཙོ་བོ་ལས་དོན་ཁག་བཞི་ཡག་པོ་སྒྲུབ་དགོས།
      གཅིག་ནས། བྱེད་ཐབས་སྣ་མང་གི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་རྩ་འཛུགས་ཀྱི་རྣམ་པ་རིམ་བཞིན་ཆགས་དགོས་ཤིང་། དེའི་ཁྲོད་གྲོང་ཁྱེར་དུ་གཙོ་བོ་སྨན་བཅོས་ཀྱི་ཚོགས་པ་འཛུགས་པ་དང་། རྫོང་ཁོངས་སུ་གཙོ་བོ་སྨན་བཅོས་ཀྱི་ཐུན་མོང་སྒྲིག་གཞི་འཛུགས་པ། ས་ཁོངས་ལས་འདས་པར་ཆེད་ཚན་མནའ་འབྲེལ་འཛུགས་པ། སྨན་བཅོས་ཐོན་ཁུངས་མི་འདང་བའི་མཐའ་མཚམས་ཀྱི་ས་ཁུལ་དབུལ་པོར་རྒྱང་རིང་གི་སྨན་བཅོས་མཉམ་ལས་དྲ་རྒྱ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་སོགས་ཚུད་ཡོད།
      གཉིས་ནས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་ཁུལ་གྱི་ལས་བགོས་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དེའི་ཁྲོད་ཚན་ཁག་ཡོངས་ཀྱི་སྨན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དགོས་མཁོ་ཕྱོགས་སྟོན་དུ་བཟུང་སྟེ། ཁྱིམ་ཚང་གི་སྨན་པ་བྱེད་པའི་ཞབས་ཞུ་ཡག་པོ་བསྒྲུབས་ནས་གཅོང་ནད་ཕོག་པའི་ནད་པ་ཁག་གཅིག་ལ་དུས་ཡུན་ཟླ་བ་གཉིས་ལས་མི་རིང་བའི་སྨན་སྤྱོད་ཀྱི་སྨན་ཐོ་འགོད་པའི་ཞབས་ཞུ་སྒྲུབ་སྟངས་འཚོལ་ཞིབ་བྱེད་དགོས་པ་སོགས་ཚུད་ཡོད།
      གསུམ་ནས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་ཁུལ་གྱི་ལེགས་ལྡན་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་མ་གཏོང་དགོས་ཤིང་། དེའི་ཁྲོད་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་ཁུལ་གྱི་སྨན་བཅོས་སྒྲིག་གཞིས་སྲིད་འཛིན་ཁོངས་གཏོགས་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་ནོར་སྲིད་མ་འཇོག་གི་ཐབས་ལམ་ལ་འགྱུར་ལྡོག་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་མི་སྣ་བཀོད་སྒྲིག་དང་། གླ་ཕོགས་ཁག་བགོས། ཐོན་ཁུངས་མཉམ་སྤྱོད་བཅས་ལ་སྤྱི་འདོམས་བྱ་རྒྱུར་སྐུལ་ལྕག་བྱེད་པ་སོགས་ཚུད་ཡོད།
      བཞི་ནས། འགན་ལེན་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དེའི་ཁྲོད་སྲིད་གཞུང་གིས་སྨན་ཁང་འཛུགས་པའི་བྱེད་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ནས། ནོར་སྲིད་ཀྱི་མ་དངུལ་ཁ་གསབ་དང་ལས་རྗེས་དཔྱད་དཔོག་གྲུབ་འབྲས་ཕན་ཚུན་སྦྲེལ་བའི་ལམ་སྲོལ་བཙུགས་ནས། སྨན་བཅོས་འགན་བཅོལ་གྱི་དཔལ་འབྱོར་ཚད་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ་མི་སྣའི་འགན་ལེན་དང་སྐུལ་སློང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རིམ་པ་གསུམ་པའི་སྨན་ཁང་གི་སྨན་བཅོས་ཐོན་ཁུངས་གཞི་ རིམ་དུ་ཕྱོགས་པའི་གནས་ཚུལ་གྱི་དམིགས་ཚད་དཔྱད་ཞིབ་མ་ལག་ནང་འཇུག་རྒྱུ་སོགས་ཚུད་ཡོད།
      ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་སླེབས་སྐབས་ཚོད་ལྟའི་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག རང་རྒྱལ་གྱིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཅུང་འཐུས་སྒོ་ཚང་བའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་སྲིད་ཇུས་ཀྱི་མ་ལག་ཞིག་ཆགས་པར་བྱ་རྒྱུ་རེད།