མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་རྒན་གསོའི་དངུལ་སླར་ཡང་མཐོ་རུ་བཏང་ནས་སྤྱི་ཡོངས་ལེགས་སྒྲིག་བྱེད་
ཚད་5.5%ཙམ་ཟིན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་དུས་མི་སྤྱི་པུའུ་དང་ནོར་སྲིད་པུའུ་ཡིས་《2017ལོར་ལས་འཁྱུར་མི་སྣ་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་མི་སྤྱི་པུའུ་དང་ནོར་སྲིད་པུའི་བརྡ་ཐོ་》ཐུན་མོང་ཐོག་བཀྲམ་ནས་2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་2016ལོའི་ལོ་མཇུག་གོང་གཏན་འབེབས་གཞིར་བཟུང་ལས་འཁྱུར་འགྲོ་ལུགས་གཉེར་ཟིན་པ་དང་ཆབས་ཅིག་ཟླ་རེར་གཞི་རྩའི་རྒན་གསོའི་དངུལ་ལེན་མཁན་ཁེ་ལས་དང་། ལས་ཁུངས། བྱ་གཞག་ཚན་པ་བཅས་ཀྱི་ལས་འཁྱུར་མི་སྣར་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་བཏང་ནས་སྤྱི་ཡོངས་ལེགས་སྒྲིག་བྱེད་ཚད་དེ་2016ལོའི་ལས་འཁྱུར་མི་སྣའི་ཟླ་རེའི་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི་5.5%ཙམ་ཟིན་རྒྱུ་ཡིན་པ་རེད།
         མི་སྤྱི་པུའི་བསྡོམས་རྩིས་ལ་གཞིགས་ན། ཚོད་རྩིས་བྱས་ན་ཁེ་ལས་ཀྱི་ལས་འཁྱུར་མི་སྣ་ཁྲི་8900ལྷག་ཙམ་དང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་འཁྱུར་མི་སྣ་ཁྲི་1700ལྷག་ཙམ་ལ་དེ་ལས་ཕན་པ་ཐོབ་རྒྱུ་རེད།
         ད་ཐེངས་ཀྱི་ལེགས་སྒྲིག་ནི་རྒྱལ་ཁབ་ཀྱིས་2016ལོར་ཁེ་ལས་དང་། ལས་ཁུངས། བྱ་གཞག་ཚན་པ་བཅས་ཀྱི་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གཅིག་གྱུར་ལེགས་སྒྲིག་ཐེངས་དང་པོ་བྱས་ཚུན་ཁེ་ལས་དང་། ལས་ཁུངས། བྱ་གཞག་ཚན་པ་བཅས་ཀྱི་ལས་འཁྱུར་མི་སྣའི་རྒན་གསོའི་དངུལ་མཐོ་རུ་འོས་འཚམ་གཏོང་རྒྱུ་སླར་ཡང་དུས་གཅིག་ཏུ་བཀོད་སྒྲིག་བྱས་པ་ཞིག་ཡིན་ལ། བཅད་གྲངས་ལེགས་སྒྲིག་དང་འབྲེལ་འཛུགས་ལེགས་སྒྲིག་དེ་གཟིགས་སྐྱོང་འོས་འཚམ་དང་ཕན་ཚུན་ཟུང་འབྲེལ་བྱེད་པའི་ལེགས་སྒྲིག་བྱ་ཐབས་གཅིག་གྱུར་སྤྱོད་རྒྱུ་རེད།
          བཅད་གྲངས་ལེགས་སྒྲིག་བྱེད་པ་ལས་སྤྱི་ཚོགས་ཀྱི་དྲང་གཞག་མངོན་པ་དང་ས་ཁུལ་གཅིག་མཚུངས་ཀྱི་ལས་འཁྱུར་མི་སྣ་སྣ་ཚོགས་ཀྱི་ལེགས་སྒྲིག་ཚད་གཞི་གཞི་རྩའི་ཆར་གཅིག་གྱུར་ཡིན་པ་དང་། འབྲེལ་འཛུགས་ལེགས་སྒྲིག་བྱེད་པ་ལས་ལྕག་སྐུལ་གཏོང་བའི་ལམ་སྲོལ་མངོན་པ་དང་ལས་ཐོག་ཏུ་གནས་སྐབས་རྒན་གསོའི་དངུལ་མང་ཙམ་དང་དུས་ཡུན་རིང་ཙམ་སྐྱེལ་མཁན་ལ་དེ་ཙམ་གྱིས་རྒན་གསོའི་དངུལ་མང་ཙམ་ཐོབ་པ། གཟིགས་སྐྱོང་འོས་འཚམ་བྱེད་པ་ལས་གཙོ་གནད་སེམས་ཁུར་མངོན་པ་དང་གཙོ་བོ་ལོ་ན་མཐོ་བའི་ལས་འཁྱུར་མི་སྣ་དང་དཀའ་ཚེགས་ཆེ་ཞིང་མཐའ་མཚམས་ས་ཁུལ་གྱི་ཁེ་ལས་ཀྱི་ལས་འཁྱུར་མི་སྣ་སོགས་ཚོགས་སྤྱིར་ལྟ་རྟོག་ཐུབ་ཀྱི་ཡོད་པ་རེད།
          མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བས་འདི་ལོ་5.5%ཙམ་ལ་གཞིགས་ནས་ལས་འཁྱུར་མི་སྣའི་ཐོབ་ཐང་ལེགས་སྒྲིག་བྱ་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རྒྱུན་རྣམ་གསར་པ་དང་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་དུས་བབ་གསར་པར་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ནན་ཏན་ངང་བཏོན་པའི་ཐབས་ཇུས་ཤིག་རེད་ཅེས་བརྗོད།