མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལོ་ཝ་ཏ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལོ་ཝ་ཏ་དང་མཇལ་འཛོམས་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལོ་ཝ་ཏ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་དབར་གྱི་འབྲེལ་བ་གསར་པ་ཞིག་ཏུ་སླེབས་པ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེ་སླར་ཡང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་སླེབས་པ་དེ་ནི་མིག་སྔའི་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཡོད། སྐུ་ཞབས་ཙུང་ལིས་ཀྲུང་གོ་དང་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བར་ལེགས་སྐྱེས་གལ་ཆེན་ཕུལ་བར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་གཉིས་ཕན་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་འདྲ་མཉམ་ཡིད་ཆེས་དང་མཉམ་ལས་གཉིས་ཕན་གྱི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་ཀྱང་གཏོང་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
           ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་བཏང་ནས་སོ་སོའི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་སོ་ཐོ་མེ་དང་ཕུ་རིན་སི་ཕེས་རྒྱལ་ཁབ་དེ་གའི་ཕྱོགས་ཡོངས་འཕེལ་རྒྱས་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བར་གཞན་གྱི་སྔོན་ལ་རྒྱབ་སྐྱོར་བྱས་ཏེ། ཡུལ་སྐོར་ལས་རིགས་དང་། ཉ་ལས། ཞིང་ལས་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་གཉིས་ཕན་མཉམ་ལས་ནུས་ཤུགས་ཡོད་རྒུས་བྱེད་པ་དང་། སོ་ཐོ་མེ་དང་ཕུ་རིན་སི་ཕེ་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ། བདེ་འཇགས་ནུས་པ་འཛུགས་སྐྱོང་བཅས་ཀྱི་ཀ་རྟེན་ཆེན་པོ་གསུམ་འགན་ལེན་བྱས་ནས་རང་ཚུགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་རོགས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། སྨན་བཅོས་འཕྲོད་བསྟེན། རིག་མཛོད། སྨྱན་སྦྱོར། གཞོན་ནུ། བུད་མེད་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཧུར་ཐག་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་ཞིང་མཐུན་པའི་་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་ཐོ་མེ་དང་ཕུ་རིན་སི་ཕེ་ཕྱོགས་དང་མཉམ་དུ་མཚོ་ཇག་ལ་རྒོལ་བ་དང་རྒྱལ་སྒྲོལ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་པར་རྡུང་རྡེག་གཏོང་བ་སོགས་ཀྱི་བདེ་འཇགས་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང་། གནམ་གཤིས་འགྱུར་ལྡོག ཨ་ཧྥེ་རི་ཁའི་ཞི་བདེ་དང་འཕེལ་རྒྱས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལ་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས་རང་ཉིད་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཟོལ་མེད་བརྩེ་སེམས་ལྡན་པའི་སྲིད་ཇུས་ཀྱི་འདུ་ཤེས་དང་ཀུན་སྤྱོད་དང་དངོས་པོའི་ཁེ་ཕན་དབར་གྱི་ལྟ་བ་ཡང་དག་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ལུགས་འདོན་རྒྱུ་ཡིན། དེའི་སྲོག་ཤིང་གི་སྙིང་པོ་ནི་ཀྲུང་གོའི་འཕེལ་རྒྱས་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རམ་འདེམས་བྱེད་པ་ཟུང་འབྲེལ་དམ་ཟབ་བྱས་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་མཉམ་དུ་རང་སྟོབས་རང་སྤེལ་དང་འཕེལ་རྒྱས་དར་སྤེལ་ལ་ཤུགས་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཏེ་རང་ཚུགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
           ཐེ་ལོ་ཝ་ཏ་ཡིས་སོ་ཐོ་མེ་དང་ཕུ་རིན་སི་ཕེའི་མི་དམངས་དང་ཀྲུང་གོའི་མི་དམངས་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། སོ་ཐོ་མེ་དང་ཕུ་རིན་སི་ཕེའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ཀྱིས་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བ་དུས་ནམ་ཡང་བརྗེད་མེད། ཀྲུང་གོ་དང་འབྲེལ་བ་སླར་ཡང་བཙུགས་པར་སོ་ཐོ་མེ་དང་ཕུ་རིན་སི་ཕེར་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ཡོད། སོ་ཐོ་མེ་དང་ཕུ་རིན་སི་ཕེ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོས་ཟོལ་མེད་བརྩེ་སེམས་བཅངས་ནས་ཨ་ཧྥེ་རི་ཁར་འཛིན་པའི་སྲིད་ཇུས་ལ་ཚད་མཐོའི་བསྔགས་བརྗོད་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་སྙིང་སྟོབས་ལ་གཞིགས་ནས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱེད་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།