མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་
ཏན་བྱས་ཏེ་བློ་མཐུན་ལེའོ་ཅུན་པོ་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་
ཁྱབ་ངང་སྤེལ་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་བློ་མཐུན་ལེའོ་ཅུན་པོ་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་ཁབ་ངང་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ་རེད།
           གཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་ཟབ་མོར་ངོས་འཛིན་གང་ལེགས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་བློ་མཐུན་ལེའོ་ཅུན་པོ་ཡི་སྔོན་ཐོན་བྱས་རྗེས་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་དང་། དུས་སྐབས་གསར་པའི་ཏང་ཡོན་དང་ལས་བྱེད་པར་ངེས་པར་དུ་འཛོམས་དགོས་པའི་བསམ་བློའི་གཤིས་རྒྱུད་དང་བསམ་བློའི་འཁྱེར་སོ་གསལ་པོ་བཏོན་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་བ་མཚོན་ཡོད་ལ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ་ཚོས་དམིགས་ཡུལ་བློ་ལ་བཅངས་བ་དང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་སློབ་སྟོན་དང་རེ་བ་ཟབ་མོ་ཚུད་ཡོད་པ་དང་འབྲེལ་དུས་བབ་གསར་པའི་འོག་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་རྩ་བའི་བླང་བྱ་དང་དུས་རབས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། མིག་སྔར་རང་རེའི་ཏང་གིས་མི་དམངས་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད་ལ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་གཞོལ་བཞིན་ཡོད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཏང་དང་། མི་ལ་ཐུག་པ་དང་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འཐབ་ཧུར་ཐག་བྱ་རྒྱུ་བཅས་ལ་ཐུག་ཡོད། རླབས་ཆེན་དུས་རབས་ཀྱིས་རླབས་ཆེན་སྙིང་སྟོབས་རེ་འབོད་བྱེད་པ་དང་བླ་ན་མེད་པའི་བྱ་གཞག་ལ་མིག་དཔེའི་སྣེ་ཁྲིད་ཡོད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གིས་གོ་བ་གཏིང་ཟབ་བླངས་ཏེ་བློ་མཐུན་ལེའོ་ཅུན་པོ་སོགས་ཀྱི་སྔོན་ཐོན་དཔེ་མཚོན་བྱས་རྗེས་ལ་སློབ་སྦྱོང་དང་དར་སྤེལ་གཏོང་བ་དང་། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་གཞི་རིམ་ལས་བྱེད་པར་ཐུགས་ཁུར་དགའ་གཅེས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁུར་ཕོད་པ། དཀའ་སྒྲུབ་དངོས་སྒྲུབ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་བྱ་གཞག་དང་འགན་འཁྲིའི་སེམས་པ་སྔར་བས་སྐུལ་སྤེལ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལས་རྗེས་རྩེ་གྲ་གཏོད་དགོས།
           གཉིས། བློ་མཐུན་ལེའོ་ཅུན་པོ་ཡི་སྔོན་ཐོན་བྱས་རྗེས་ལ་རྒྱ་ཁྱབ་ངང་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་དགོས། བློ་མཐུན་ལེའོ་ཅུན་པོ་སྐུ་འཚོ་བཞུགས་སྐབས་ཕུའུ་ཅན་ཞིང་ཆེན་ཀྲེན་ཧོ་རྫོང་གི་རྫོང་ཨུད་ཧྲུའུ་ཅི་ཡིན་པ་དང་2015ལོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཀྱི་ཧྲུའུ་ཅིའི”མཚན་སྙན་ཐོབ་ཡོད། 2017ལོའི་ཟླ་3ཚེས་18ཉིན་གྱི་དགོང་མོ་བློ་མཐུན་ལེའོ་ཅུན་པོ་ཝུའུ་དབྱིས་ཁུལ་གསར་དུ་ཚོགས་འདུར་སྐྱོད་པའི་ལམ་བར་དུ་སྟབས་མི་ལེགས་པར་འཁོར་བགེགས་ཐོན་ནས་གཞུང་དོན་ཆེད་སྐུ་གཤེགས་པ་དང་སྐུ་གཤེགས་དུས་ལོ་48ཡིན། བློ་མཐུན་ལེའོ་ཅུན་པོ་ཡུན་རིང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཕྱག་ལས་གནང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་མངགས་བཅོལ་ཐུགས་ལ་བཅངས་ནས་བྱ་གཞག་ལ་དགའ་ཞེན་ཚད་མེད་དང་ལས་དོན་ཐད་འབད་བརྩོན་ལྷོད་མེད་གནང་གི་ཡོད་ལ་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ཀྱི་ཡོད། ཁོང་གིས་ལོ་བཅུ་གྲངས་ཉིན་གཅིག་ལྟར་རྙིང་རུས་ཆེན་པོས་ཕྱག་ལས་གནང་སྟེ་ཁྱིམ་ཚང་ཆུང་ངུ་དོར་བ་དང་དམངས་ཀྱི་ཆེད་བྱ་བ་བསྒྲུབས་ཡོད་པས་ནང་མི་མཉམ་འཛོམས་ཀྱིས་ལོ་གསར་གཏོང་བའི་ཁོམ་པ་ཉུང་ཉུང་ཡིན། ཀྲེན་ཧོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གནང་རིང་ཀྲེན་ཧོ་རྫོང་གི་དབུལ་ཞིང་རྗེས་ལུས་ཀྱི་གནས་ཚུལ་ལ་དམིགས་ནས་ཁོང་གིས་བློ་བརྟན་དམ་བཅའ་བཞག་སྟེ་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱེད་པ་དང་དཀའ་ཚེགས་ཇི་ཙམ་འཕྲད་ཀྱང་ལས་བྱེད་མང་ཚོགས་སྣེ་ཁྲིད་དེ་གསར་འབྱེད་ཡར་བརྩོན་དང་དཀའ་སྒྲུབ་དངོས་སྒྲུབ་གནང་བར་བརྟེན་རྫོང་དེ་ལོ་གསུམ་བསྟུད་མར་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི“རྩེ་གྲ་བཅུའི”ནང་ཚུད་པ་དང་མི་ཁྲི་གསུམ་ལྷག་ཙམ་དབུལ་སྒྲོལ་ཐུབ་པ་བྱུང་ཡོད། ཁོང་གིས་རང་བཅུན་ནན་པོ་བྱེད་པ་དང་སྤྱོད་གཙང་རང་སྲུང་གནང་གི་ཡོད་ལ། དབང་ཆར་བརྟེན་ནས་སྒེར་ཕན་མི་སྒྲུབ་པ་དང་ནང་མིར་ཡང་བླང་བྱ་ནན་པོ་འདོན་གྱི་ཡོད་པས་ལས་བྱེད་མང་ཚོགས་ཁྲོད་གཟུགས་བརྙན་བཟང་པོ་གཏོད་ཐུབ་པ་བྱུང་བ་མ་ཟད། ལས་བྱེད་མང་ཚོགས་ཚོའི་བསྔགས་བརྗོད་ཀྱང་ཐོབ་ཡོད།
           བློ་མཐུན་ལེའོ་ཅུན་པོ་ནི་དུས་རབས་གསར་པའི་རྫོང་ཨུད་ཧྲུའུ་ཅིའི་མིག་དཔེ་ཡག་པོ་ཡིན་ལ། ཚེ་སྲོག་ལ་བརྟེན་ནས“ལྷག་བསམ་དང་། དྭངས་གཙང་། འགན་འཁུར”བཅས་ཀྱི་བླང་བྱ་ལག་ལེན་བསྟར་མཁན་གྱི་ལས་བྱེད་པ་ཡག་པོ་ཞིག་རེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་བློ་མཐུན་ལེའོ་ཅུན་པོ་ལ་སློབ་སྦྱོང་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་དང་དད་སེམས་བརྟན་པའི་ཁོང་གི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱས་ཏེ་སེམས་ནང་ཏང་དང་། མི་དམངས། འགན་འཁྲི། བསྲུང་བྱ་བཅས་ཡོད་པ་དང་། སེམས་ནང་མང་ཚོགས་འཇོག་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཁོང་གི་གཞུང་ཞབས་བརྩེ་སེམས་ལ་སློབ་སྦྱོང་བྱས་ཏེ་མང་ཚོགས་ཀྱི་བདེ་སྡུག་དུས་རྟག་ཏུ་སེམས་ནང་ངེས་པ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་མི་སེར་ལ་བདེ་སྐྱིད་བསྐྲུན་པ། འགན་འཁུར་ཕོད་པ་དང་རང་དོན་རྒྱབ་བསྐྱུར་ངང་ལས་དོན་སྒྲུབ་པའི་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་སེམས་རྣལ་དུ་ཕབ་ནས་དངོས་འཛིན་དངོས་སྒྲུབ་དང་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་ལས་ཀའི་བྱས་རྗེས་ཧུར་ཐག་གཏོད་པ། སྤྱོད་གཙང་གཞུང་དྲང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ཁོང་གི་ཀུན་སྤྱོད་བཟང་པོར་སློབ་སྦྱོང་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་བརྟན་པོ་སྲུང་བ་དང་གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་ལག་ལེན་བྱེད་པ་བཅས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ལེའོ་ཅུན་པོ་སོགས་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱ་རྒྱུ་དེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་སྦྱོང་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་སྔོན་ཐོན་མིག་དཔེར་འཛིན་རྒྱུར་ཁྲིད་སྟོན། བློ་འདུས་དགེ་འཚོལ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། “ནན་གསུམ་དྲང་གསུམ”གྱི་བླང་བྱ་རང་རྟོགས་ངང་ལག་ལེན། འགན་འཁྲི་འཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པ། རང་དཔེ་གཞན་སྟོན་ངང་ཏང་གི་མཛད་ཕྱོགས་སྲིད་ཇུས་གཞི་རིམ་དང་མང་ཚོགས་ཁྲོད་དོན་འཁྱོལ་བཅས་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་ཁྲོད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས།
           གསུམ། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པར་ཐུགས་ཁུར་དང་དགའ་གཅེས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། རིམ་ཁག་རྩ་འཛུགས་མི་དོན་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱར་གཞིགས་ནས་ད་ཕན་ལོ་ཤས་རིང་གཞུང་དོན་ཆེད་སྐུ་གཤེགས་པའི་གཞི་རིམ་ལས་བྱེད་པའི་ཁྱིམ་ཚང་གི་གནས་ཚུལ་ལ་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ་ཁོང་ཚོའི་ཕ་མ་དང་། བཟའ་ཟླ། དེ་བཞིན་རང་མགོ་ཐོན་མེད་པའི་བུ་ཕྲུག་གི་དཔལ་འབྱོར་ཡོང་ཁུངས་དང་། རྒན་གསོ་སྨན་བཅོས། འཚོ་སྐྱོང་སློབ་ཞུགས་སོགས་ཀྱི་གནས་ཚུལ་གཙོ་གནད་ཐོག་ཤེས་རྟོགས་བྱས་ནས་མི་རེ་རེ་བཞིན་དང་དུད་ཚང་རེ་རེ་བཞིན་ལ་ཡིག་ཚགས་དང་གཱ་བཟོ་དགོས་པ་དང་ཆབས་ཅིག་ནོར་སྲིད་དང་། དམངས་སྲིད། མི་སྤྱི། འཕྲོད་བསྟེན་དང་འཆར་བཙའ། སློབ་གསོ་སོགས་སྡེ་ཚན་དང་མཉམ་དུ་ཐུགས་ཁུར་རོགས་རམ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་ཆེད་མིས་འགན་འཁུར་དང་ཆེད་མིས་དོན་འཁྱོལ་བྱས་ནས་ཁོང་ཚོའི་ཕ་མ་རྒན་རྒོན་དང་རང་མགོ་ཐོན་མེད་པའི་བུ་ཕྲུག་ལ་ལྟ་རྟོག་ཡག་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པར་ཐུགས་ཁུར་དང་དགའ་གཅེས་བྱ་རྒྱུ་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་བཞག་ནས་བླང་བྱ་ནན་པོ་འདོན་པ་དང་ཐུགས་ཁུར་ཟབ་མོ་བྱས་ཏེ་ཆབ་སྲིད་ཐོག་ནས་ལྕག་སྐུལ་དང་། ལས་དོན་ཐོག་ནས་རྒྱབ་སྐྱོར། ཐོབ་ཐང་ཐོག་ནས་འགན་ལེན། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བཅས་བྱས་ཏེ་ཁོང་ཚོར་བྱ་བ་དངོས་སྒྲུབ་རོགས་དང་དཀའ་ངལ་སེལ་རོགས་བྱས་ནས་ཁོང་ཚོ་ལས་གནས་ཐོག་སེམས་གནས་ཐུབ་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་གཞུང་དོན་ཆེད་སྐུ་གཤེགས་པའི་གཞི་རིམ་ལས་བྱེད་པའི་ནང་མི་དང་རྒྱུན་དུ་འབྲེལ་བ་དང་འཚམས་འདྲི་བྱས་ཏེ་ཁོང་ཚོའི་བསམ་བློ་དང་། ལས་དོན། འཚོ་བའི་གནས་ཚུལ་བཅས་དུས་ཐོག་ཏུ་ཤེས་རྟོགས་དང་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་མཚོན་པར་བྱེད་དགོས། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་མཐོང་ཆེན་བྱས་ནས་དུས་བཀག་ལྟར་ལུས་པོར་བརྟག་དཔྱད་དང་འཁོར་ཞག་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ་དང་བརྩེ་སེམས་ཟབ་མོས་ཁོང་ཚོར་ཐུགས་ཁུར་བྱས་ཏེ་ཁོང་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས།