མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་
《འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུའི་གཏན་འབེབས་》
དང་《འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུར་ཞིབ་
དཔྱད་བྱས་འབྲས་ཐག་གཅོད་བྱ་ཐབས་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུའི་གཏན་འབེབས་》(གཤམ་དུ་《གཏན་འབེབས་》ཞེས་བསྡུ་རྒྱུ་)དང་《འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུར་ཞིབ་དཔྱད་བྱས་འབྲས་ཐག་གཅོད་བྱ་ཐབས་》(གཤམ་དུ《བྱ་ཐབས་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་སྟེ་རིམ་ཁག་ཏང་ཨུད་(ཏང་ཙུའུ་)ཀྱིས་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་བས་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུའི་ལས་དོན་ལའང་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་ལེགས་སུ་ཕྱིན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་གཏན་འབེབས་གསར་པ་ཁ་གསལ་བཏོན་ཡོད། དུས་བབ་གསར་པའི་བླང་བྱ་གསར་པ་དང་དེ་བས་འཚམ་པ་བྱ་ཆེད་ཀྲུང་དབྱང་གིས་2010ལོར་པར་འགྲེམས་བྱས་པའི་《འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུའི་སྐོར་གྱི་གཏན་འབེབས་》བཟོ་བཅོས་བྱས་ཡོད། བཟོ་བཅོས་བྱས་ནས་བཏོན་པའི་《གཏན་འབེབས་》དང་གསར་དུ་བཟོས་པའི་《བྱ་ཐབས་》ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་གྱི་སྙན་ཞུའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཞོལ་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྙན་ཞུའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་ལག་ལེན་དང་ཉམས་མྱོང་ཕྱོགས་སྡོམ། གཙོ་གནད་འབུར་དུ་ཐོན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་སྨིན་དང་ཚན་རིག་དང་མཐུན་པ་ཡོང་བ། ལྟ་སྐུལ་གཅུན་སྡོམ་ལ་ཤུགས་སྣོན་བརྒྱབ་ནས་སྙན་ཞུའི་གྲུབ་ཆ་གཙོ་བོ་དང་། སྙན་ཞུའི་ནང་དོན། འཐེན་བཤེར་ཞིབ་བསྡུར། མཇུག་འབྲས་ཐག་གཅོད་སོགས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ཡོད། 《གཏན་འབེབས་》དང་《བྱ་ཐབས་》པར་འགྲེམས་དང་ལག་བསྟར་བྱ་རྒྱུ་དེ་ནི་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་རྒྱུ་དང་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
         བརྡ་ཐོའི་ནང་རིམ་ཁག་ཏང་ཨུད་(ཏང་ཙུའུ་)ཀྱིས་《གཏན་འབེབས་》དང་《བྱ་ཐབས་》ལག་བསྟར་བྱ་རྒྱུ་དེ་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས་ཉིན་རེའི་གྲོས་དོན་ནང་བཅུག་ནས་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་འགོ་འཁྲིད་ནས་ལག་བསྟར་བྱས་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། སྒྲིག་ལམ་གྱི་འདུ་ཤེས། རྩ་འཛུགས་ཀྱི་ལྟ་བ་བཅས་ཟབ་ཏུ་བཏང་ནས་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་《གཏན་འབེབས་》བླང་བྱ་གཞིར་བཟུང་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་ཇི་མ་ཇི་བཞིན་སྙན་སེང་ཞུ་བ་དང་ཆབས་ཅིག་རང་འགུལ་ངང་རྩ་འཛུགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         བརྡ་ཐོའི་ནང་རིམ་ཁག་རྩ་འཛུགས་(མི་དོན་)སྡེ་ཚན་གྱིས་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། 《གཏན་འབེབས་》དང་《བྱ་ཐབས་》སྒྲིག་འཛུགས་དང་ལག་བསྟར་ཐད་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་བྱེད་པ། འཐེན་བཤེར་ཞིབ་བསྡུར་ལ་ཤུགས་སྣོན་རྒྱག་པ། མཐར་སྐྱེལ་དང་བཙན་པོར་གཏུག་ཕོད་པ་བཅས་བྱས་ཏེ་སྙན་ཞུ་ཇི་མ་ཇི་བཞིན་དུ་མི་འབུལ་བའམ་ཡང་ན་དེ་མིན་གྱི་གནད་དོན་ལྷག་པ་མཐའ་དག་ལ་ཐག་གཅོད་ནན་པོ་བྱས་ནས་སྙན་ཞུའི་ལམ་ལུགས་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ནང་དེའི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         ད་རེས་བཟོ་བཅོས་བརྒྱབ་ནས་བཏོན་པའི་《གཏན་འབེབས་》དེར་རིགས་དབྱེ་དོ་དམ་གྱི་རྩ་དོན་མཐའ་འཁྱོངས་བྱས་པ་དང་། “འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་པ། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ལྟ་སྐུལ་སྔར་བས་མངོན་གསལ་དོད་དུ་བཏང་བ། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་སྙན་ཞུ་འབུལ་ཡུལ་ཁྱབ་ཁོངས་ལ་ལེགས་སྒྲིག་འོས་འཚམ་བྱས་ཡོད། སྙན་ཞུའི་དོན་ཚན་གྱི་ནང་དོན་དེ་འགོ་ཁྲིད་ལས་བྱེད་པའི་དབང་ཆ་སྤྱོད་ཚུལ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱིམ་ཚང་དང་ཁྱིམ་གྱི་རྒྱུ་ནོར་གྱི་གནས་ཚུལ་དེ་བས་མངོན་གསལ་བྱས་ཡོད། 《བྱ་ཐབས་》ནང་སྙན་ཞུའི་ནང་དོན་མ་ཚང་བ་དང་རྫུན་ཞུ་གཉིས་དབྱེ་འབྱེད་བྱ་རྒྱུར་ཁོང་དུ་ཆུད་དགོས་པའི་གཞི་རྩའི་རྩ་དོན་དང་། ཞིབ་ཕྲའི་གནས་ཚུལ། ཐག་གཅོད་བྱེད་པའི་གཞི་འཛིན་ས་བཅས་གསལ་པོ་བཏོན་པ་དང་། འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་སེང་ཇི་མ་ཇི་བཞིན་དུ་མ་ཞུས་པར་རྩ་འཛུགས་ཀྱི་ཐག་གཅོད་དང་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་ཤུགས་རྐྱེན་ཐེབས་ཡུན་གཏན་འབེབས་བྱས་ཏེ་ཞིབ་དཔྱད་མཇུག་འབྲས་སྤྱོད་ཤུགས་དེ་བས་ཆེ་རུ་གཏོང་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།