མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“ཧུར་ཐག་བསྒྲུབ་པ་དང་མཉམ་དུ་བསྒྲུབ་པའི”བཟོ་ལས་མཉམ་ལས་ཀྱི་
སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ཐད་རྒྱལ་
སྤྱིའི་མཛའ་གྲོགས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་23ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ལས་མཉམ་ལས་རྒྱལ་སྤྱི་ཨུ་ལྷན་དང་པེ་ཅིང་ཕེ་ལི་ལས་རིགས་སློབ་གླིང་ལ་ཡིག་ལན་བསྐུར་ནས་ཁོང་ཚོར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་བ་རེད། རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ལས་མཉམ་ལས་རྒྱལ་སྤྱི་ཨུ་ལྷན་གྱིས་ལོ་77གྱི་ལོ་རྒྱུས་བརྒྱུད་ནས་མིའི་རིགས་ཀྱི་ཞི་བདེ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད་ཅེས་གསུངས་ཡོད།
          ཞི་ཅིན་ཕིང་གིས་འདི་ལོ་ནི་རླབས་ཆེན་གྱི་རྒྱལ་སྤྱིའི་རིང་ལུགས་ཀྱི་འཐབ་འཛིང་པ་དང་། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ། བཟོ་ལས་མཉམ་ལས་ལས་འགུལ་གྱི་སྐུལ་སློང་པ་གཙོ་བོ། ཕེ་ལི་སློབ་གྲྭ་ཐོག་མར་བཙུགས་མཁན་བཅས་ཡིན་པའི་ལུའུ་དབྱི·ཨའེ་ལི་འཁྲུངས་ནས་ལོ་120འཁོར་བའི་ལོ་ཡིན། ཨའེ་ལིས་ཀྲུང་གོ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་གནང་ནས་ཀྲུང་གོར་ལོ་60ཕྱག་ལས་དང་འཚོ་བ་བསྐྱལ་གནང་སྟེ་ཀྲུང་གོ་མི་དམངས་དང་ནེའུ་ཙི་ལན་མི་དམངས་དབར་མཛའ་གྲོགས་ཀྱི་ཟམ་པ་བཙུགས་ཡོད། ཁོང་དང་སུང་ཆིང་ལིང་དང་སི་ནའོ་སོགས་ཀྱིས་བཙུགས་གནང་བའི་བཟོ་ལས་མཉམ་ལས་རྒྱལ་སྤྱི་ཨུ་ལྷན་གྱིས་ཀྲུང་གོའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་རོགས་སྐྱོར་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས“ཤིང་འཛུགས་གསོ་བྱེད་པར་ལོ་བཅུ་དགོས། མི་གསོ་སྐྱོང་བྱེད་པར་ལོ་བརྒྱ་དགོས” པེ་ཅིང་ཕེ་ལི་ལས་རིགས་སློབ་གླིང་གིས“སྦྱངས་པ་དག་ལག་ལེན་དུ་འཁྱོལ་ཐུབ་པ་དང་གསར་གཏོད་དབྱེ་ཞིབ”བྱ་རྒྱུ་དེ་སློབ་གྲྭའི་གདམས་ཚིག་ཏུ་བྱས་ཏེ་སེམས་ལ་རྒྱལ་ཁབ་བཅངས་པ་དང་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྤྱི་རྙིང་པ་ཨའེ་ལི་དང་ཧའོ་ཁེས་དར་སྤེལ་གནང་བའི་ལས་རིགས་སློབ་གསོའི་བསམ་བློ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཆེད་སེམས་ནུས་ཡོད་རྒུས་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ལས་མཉམ་ལས་རྒྱལ་སྤྱི་ཨུ་ལྷན་དང་པེ་ཅིང་ཕེ་ལི་ལས་རིགས་སློབ་གླིང་གིས་ཨའེ་ལི་ཡི“ཧུར་ཐག་བསྒྲུབ་པ་དང་མཉམ་དུ་བསྒྲུབ་པའི”བཟོ་ལས་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ནས་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་དང་རྒྱལ་སྤྱིའི་མཛའ་གྲོགས་ཀྱི་ལེའུ་གསར་པ་བརྩམས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཚེས་21ཉིན་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལུའུ་དབྱི·ཨའེ་ལི་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          ཀྲུང་གོ་བཟོ་ལས་མཉམ་ལས་རྒྱལ་སྤྱི་ཨུ་ལྷན་1939ལོར་ཤང་ཀང་དུ་བཙུགས་པ་དང་ཀྲུང་གོའི་རི་འགོག་དམག་འཁྲུག་དང་བཟོ་ལས་མཉམ་ལས་ལས་འགུལ་ལ་རོགས་སྐྱོར་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། པེ་ཅིང་ཕེ་ལི་ལས་རིགས་སློབ་གླིང་ནི་རི་འགོག་དམག་འཁྲུག་སྐབས་ལུའུ་དབྱི·ཨའེ་ལིས་གསར་དུ་བཙུགས་པའི་ཕེ་ལི་སློབ་གྲྭ་དེ་ལས་བྱུང་བ་རེད། ཉེ་ཆར་ཀྲུང་གོ་བཟོ་ལས་མཉམ་ལས་རྒྱལ་སྤྱི་ཨུ་ལྷན་དང་པེ་ཅིང་ཕེ་ལི་ལས་རིགས་སློབ་གླིང་གི་འགན་ཁུར་བས་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཁོང་ཚོས་རྒྱལ་སྤྱི་དང་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ལས་དོན་ཧུར་ཐག་སྤེལ་ཚུལ་དང་དམངས་ཁྲོད་ཕྱི་འབྲེལ་ཐད་ནུས་པ་འདོན་ཚུལ་ངོ་སྤྲོད་བྱས་པ་རེད།