མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་གནང་
སྐབས་དཔུང་སྡེའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་
ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་24ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་གནང་
སྐབས་དཔུང་སྡེའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་
ནན་བཤད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ལས་ཁུངས་ལ་གཟིགས་ཞིབ་གནང་ནས་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་སྣེ་ཁྲིད་དུ་བྱས་ཏེ་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ།ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ། བདེན་འཚོལ་དངོས་གཉེར་བྱེད་པ། གསར་འབྱེད་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། དམག་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་ལས་དོན་དང་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་བྱེད་པ། དཔུང་སྡེའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ཞི་ཅིན་ཕིང་ལྷོ་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ལས་ཁུངས་སུ་ཕེབས་ནས་ཀོང་ཤིས་སུ་བཅའ་སྡོད་དཔུང་སྡེའི་ཧྲི་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། ནན་ཉིང་དུ་བཅའ་སྡོད་དཔུང་སྡེའི་ཐོན་རིམ་པའི་འགོ་ཁྲིད། ལྷོ་རྒྱུད་འཐབ་ཁུལ་སྐམ་དམག་ལས་ཁུངས་ཀྱི་ཐོན་རིམ་པའི་ལས་གནས་རྒན་པའི་ལས་བྱེད་པ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་ཚོ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ལྷན་བཞུགས་སྐུ་པར་བསྐྱོན་རྗེས་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་སྐམ་དམག་ལས་ཀའི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འདི་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ནང་དམིགས་བསལ་གྱི་གལ་ཆེའི་དོན་སྙིང་ལྡན་པ་ཞིག་ཡིན་པས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་། དམག་སྦྱོང་དམག་གྲབས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ། དཔུང་སྡེའི་སྒྱུར་བཅོས་ལས་དོན་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱེད་པ། ཀུའུ་ཐེན་གྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀུའོ་པོ་ཞུང་དང་ཞུས་ཚའེ་ཧོའུ་ཡི་ཤུགས་རྐྱེན་ངན་པ་ཕྱོགས་ཡོངས་ནས་སེལ་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ཏེ་དུས་ཚོད་དང་གནས་ཚུལ་གང་འདྲ་ཞིག་ལའང་མི་ལྟོས་པར་དཔུང་སྡེས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་ཉན་རྒྱུའི་འགན་ལེན་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་ཏེ་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་བཙུགས་ནས་དམག་དཔུང་སྟོབས་ཆེའི་བྱ་གཞག་ནང་ཞུགས་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དེ་རྒྱུན་གཏན་འཚོ་བ་དང་ཟུང་འབྲེལ་ཐུབ་པ་དང་རྒྱུན་གཏན་ནས་དམ་འཛིན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དཔོན་དམག་ཉེ་འགྲམ་གྱི་“རུལ་སུངས་ཀྱི་གནད་དོན་ཆུང་ངུ”དང་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་ནུས་ལྡན་བྱས་ནས་དཔོན་དམག་གི་བློ་ཡིད་ཚིམ་ཚད་མཐོ་རུ་དང་ཐོབ་ཚོར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དམག་འཐབ་དཔུང་སྡེའི་འདུ་ཤེས་ཟབ་ཏུ་བཏང་ནས་དམག་རྒྱག་པའི་སྟོན་ཕྱོགས་གསལ་པོ་གཏོད་པ་དང་། དུས་བབ་ཀྱི་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་བྱེད་པ། དངོས་འཛིན་དངོས་གྲབས་དང་རྒྱུན་གྲབས་ལྷོད་མེད་བྱེད་པ་བཅས་བྱས་ནས་འཕྲལ་མར་དོན་ཐུབ་པ་དང་། སྐྱོད་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམག་འཐབ་ཀྱི་ལས་འགན་དང་། དམག་འཐབ་ཀྱི་ཁ་གཏད། དམག་འཐབ་ཀྱི་ཁོར་ཡུག་བཅས་ལ་དམ་པོར་དམིགས་ནས་དམག་འཐབ་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་དམིགས་ས་ཡོད་པའི་སྒོ་ནས་ལས་དོན་བསྒྲུབས་ཏེ་གནད་དོན་རེ་རེ་བཞིན་ལ་དབྱེ་ཞིབ་ཐག་གཅོད་བྱས་ཏེ་དམག་སྦྱོང་དམག་གྲབས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།