མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་26ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན།  ཞི་ཅིན་ཕིང་གིས་ང་དང་ཙུང་ཐུང་སྐུ་ཞབས་ཁྱེད་མཚོ་མཚེའུ་གཞིས་ཀར་ཞལ་འཛོམས་བྱུང་རྗེས། ཉེ་ཆར་སླར་ཡང་ཞལ་པར་ཐོག་ནས་གླེང་མོལ་བྱས་པ་བརྒྱུད་གཅིག་མཐུན་ངོས་འཛིན་གལ་ཆེན་བྱུང་བར་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་ཆེན་པོ་བྱེད་ཀྱི་འདུག རྒྱལ་སྤྱིའི་དུས་བབ་འཕོ་འགྱུར་ཆེ་བའི་མིག་སྔར་ཀྲུང་ཨ་ཕྱོགས་གཉིས་པོས་མུ་མཐུད་འབྲེལ་བ་དམ་ཟབ་བྱས་ཏེ་གནད་དོན་གལ་ཆེན་ཐད་ཀྱི་བསམ་འཆར་དུས་ཐོག་ཏུ་བརྗེ་རེས་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨ་ཕྱོགས་གཉིས་པོས་ང་ཚོའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་སྲ་བརྟན་དུ་གཏོང་དགོས་ཀྱི་འདུག ཕྱོགས་གཉིས་པོའི་ལས་དོན་ཚོགས་པས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཙུང་ཐུང་སྐུ་ཞབས་ཁྱེད་འདི་ལོ་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུའི་གྲ་སྒྲིག་ལས་དོན་རྣམས་ལེགས་པར་སྒྲུབ་པ་དང་། ཀྲུང་ཨའི་རེས་སྐོར་དང་པོའི་ཕྱི་འབྲེལ་བདེ་འཇགས་སྐོར་གྱི་གླེང་མོལ་དང་། ཕྱོགས་ཡོངས་དཔལ་འབྱོར་སྐོར་གྱི་གླེང་མོལ། ཁྲིམས་འཛིན་དང་དྲ་རྒྱའི་བདེ་འཇགས་སྐོར་གྱི་གླེང་མོལ། སྤྱི་ཚོགས་དང་མི་ཆོས་སྐོར་གྱི་གླེང་མོལ་སོགས་སྔ་ཙམ་བྱེད་འགོ་བཙུགས་ཏེ་དཔལ་འབྱོར་ཚོང་དོན་དང་། རྒྱལ་ཁབ་གཉིས་པོའི་དམག་དཔུང་། དྲ་རྒྱ། མི་ཆོས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས་ཀྱི་འདུག་ཅེས་ནན་བཤད་གནང་བ་རེད།
         ཐེ་རོན་ཕུས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཁྱེད་མཚོ་མཚེའུ་གཞིས་ཀར་བཀའ་མོལ་ཡག་པོ་བྱུང་སོང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བྱུང་བ་ངའི་བློ་ལ་བབས་ལ་ཀྲུང་གོའི་མི་དམངས་ལ་གུས་བཀུར་ཆེན་པོའང་བྱེད་ཀྱི་ཡོད། ཨ་ཀྲུང་ཕྱོགས་གཉིས་པོས་གནད་དོན་གལ་ཆེན་ཐད་མུ་མཐུད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་དགོས་པ་དེ་གལ་འགངས་ཆེན་པོ་ཞིག་རེད་འདུག ངས་ཀྲུའུ་ཞི་ཞི་ཅིན་ཕིང་ཁྱེད་དང་སླར་ཡང་ཞལ་འཛོམས་གང་མགྱོགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱ་རྒྱུའི་རེ་སྒུག་ཀྱང་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་འཛིན་པའི་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལས་འགལ་བའི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དུས་མཚུངས་སུ་འབྲེལ་ཡོད་ཕྱོགས་ཁག་གིས་མུ་མཐུད་བཟོད་སྒོམ་བྱས་ཏེ་ཕྱེད་གླིང་གི་དུས་བབ་ཛ་དྲག་ཆེ་རུ་འགྲོ་བའི་བྱ་བ་མི་བྱ་རྒྱུའི་རེ་བའང་བྱེད་ཀྱི་ཡོད། འབྲེལ་ཡོད་ཕྱོགས་ཁག་ཚང་མས་ཁུར་དགོས་པའི་འགན་འཁྲི་ཁུར་ཏེ་ཁ་སྤྲོད་དུ་བསྐྱོད་ན་གཞི་ནས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གྱི་གནད་དོན་གང་མགྱོགས་ཐག་གཅོད་ཐུབ་རྒྱུ་དང་ཕྱེད་གླིང་དུ་ཉིང་རྡུལ་མེད་པར་འགྱུར་རྒྱུ་རེད། ང་ཚོས་ཨ་རི་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་ཞི་བདེ་དང་། ཨེ་ཤེ་ཡ་བྱང་ཤར་མ་ཞི་བདེ། འཛམ་གླིང་ཞི་བདེ་བཅས་ཡོང་ཕྱིར་འབད་བརྩོན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྣམ་པ་སྣ་ཚོགས་ཐོག་ནས་འབྲེལ་བ་མུ་མཐུད་དམ་ཟབ་བྱ་རྒྱུ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་ཀྱི་བསམ་འཆར་དུས་ཐོག་ཏུ་བརྗེ་རེས་བྱ་རྒྱུའི་མོས་མཐུན་གནང་བ་རེད།