མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུས“དེང་དུས་ཀྱི་ཡུས་ཀུང”ཧོང་ཏ་ཧྥ་ལ“དུས་རབས་ཀྱི་
མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུས“དེང་དུས་ཀྱི་ཡུས་ཀུང”ཧོང་ཏ་ཧྥ་ཡི་སྔོན་ཐོན་མཛད་རྗེས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་དང་དྲིལ་བསྒྲགས་བྱས་པ་དང་ཁོང་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་ཡོད།
          ཧོང་ཏ་ཧྥ་ཡིས་དེ་སྔ་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་པོ་ཀྲོའུ་ཆུས་ཕིང་ཀྲེང་ཀེ་ལའོ་རིགས་ཤང་མཐུན་སྒྲིལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་མྱོང་ཞིང་། དུས་རབས་20པའི་ལོ་རབས་60པ་ནས་བཟུང་། ཁོང་གིས་མང་ཚོགས་200ལྷག་ཙམ་གྱི་སྣེ་ཁྲིད་དེ་ལོ་30ལྷག་ཙམ་རིང་དཀའ་བ་དུ་མ་ཁྱད་དུ་བསད་ནས་ལག་གཉིས་ལ་རྐོ་མ་དང་། ལྕགས་ཧྲེང་། ཐོ་བ་སོགས་འཁྱེར་ནས་བྲག་རི་གཡང་གཟར་སྟེང་རིང་ཚད་སྨི་9400ཟིན་པ་དང་གྲོང་ཚོ་གསུམ་ལ་ཁྱབ་པའི“ཚེ་སྲོག་གི་ཡུར་བུ”ཞིག་སྔོག་པས། ཡུལ་དེར་དུས་ཡུན་རིང་པོའི་ནང་ཆུ་དཀོན་པའི་ལོ་རྒྱུས་མཇུག་འགྲིལ་ནས་ཚའོ་ཝང་ཆུ་རགས་ཀྱི་ལོ་རེའི་འབྲུ་རིགས་ཐོན་འབབ་དེ་སྔའི་རྒྱ་མ་ཁྲི་6ནས་རྒྱ་མ་ཁྲི་བརྒྱ་ལ་ཉེ་བའི་བར་འཕར་སྟབས་ཡུལ་དེའི་མང་ཚོགས་ཀྱིས་བརྩེ་བ་ཆེན་པོས“ཐོན་འཕར་ཆུ་ཡུར”ཞེས་འབོད། ཁོང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བྱེད་པོའི་འདུ་ཤེས་བཙུགས་པ་དང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གྲོང་ཚོའི་ལམ་བཟོ་བ་དང་། གློག་སྐུད་འཁྲིད་པ། གྱེན་གཟར་པོར་རྡོ་སྐས་རྒྱག་པ། སློབ་གྲྭ་སྐྲུན་པ་བཅས་བྱས་ནས་ཡུལ་དེའི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བ་དང་བྱ་སྤྱོད་ངོ་མའི་ཐོག་ནས་དུས་སྐབས་གསར་པའི་ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་ལག་ལེན་བསྟར་ཡོད།
         ཉེ་དུས་ཚུན་དུ་ཧོང་ཏ་ཧྥའི་སྔོན་ཐོན་མཛད་རྗེས་དྲིལ་བསྒྲགས་འཕྲིན་སྤེལ་བྱས་རྗེས་སྤྱི་ཚོགས་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་བློ་མཐུན་ཧོང་ཏ་ཧྥའི་སྔོན་ཐོན་མཛད་རྗེས་ནི་ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་རུས་བཅངས་ཏེ་དམིགས་ཚད་ལ་དམ་པོར་དམིགས་པ་དང་དཀའ་སྤྱད་འབད་འཐབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་ལག་བསྟར་དོན་འཁྱོལ་བྱས་པའི་མཚོན་ཚུལ་མངོན་གསལ་དོད་པོ་ཞིག་ཡིན་པ་དང་། ཁོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པའི་སྲ་ཞིང་བརྟན་པའི་དད་སེམས་དང་། སྒུག་བརྟེན་མི་བྱེད་པའི་འགན་འཁྲི་ཁུར་ཕོད་པའི་བསམ་བློ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་ཀུན་སྤྱོད། སྙིང་རུས་དང་བག་ཕེབས་ཀྱི་འཚོ་བའི་རྣམ་འགྱུར་བཅས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་གྲུབ་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཏིང་ཟབ་པའི་ནང་དོན་གསལ་འགྲེལ་དང་ས་ཁུལ་དབུལ་པོའི་གཞི་རིམ་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་ཁྱད་བསད་དང་། དབུལ་སྒྲོལ་འགག་སྒྲོལ། གོམ་པ་མཉམ་བགྲོད་ངང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སེམས་ཤུགས་བརྟན་པོ་མཚོན་པར་བྱས་ཡོད། ཁོང་ནི་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཕུལ་བྱུང་འཐུས་མི་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་དུས་རབས་ཀྱི་མིག་དཔེ་ངོ་གནོང་མི་དགོས་པ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
          ས་ཁུལ་དབུལ་པོའི་ཏང་ཡོན་ལས་བྱེད་པ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ་དང་། འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་པ། “ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ” གནད་སྨིན་དབུལ་སྒྲོལ་བྱེད་པ། སྙིང་རུས་གཏན་འཁྱོངས་ཀྱིས་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པ་དང་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།