མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་བདམས་ཐོན་བྱུང་བའི་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་དང་ཞལ་པར་ཐོག་
ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བདམས་ཐོན་བྱུང་བའི་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་མ་ཁེ་རུན་ཧྥ་རན་སེའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བར་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། ཀྲུང་གོའི་ཕྱི་འབྲེལ་གྱི་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་53སོང་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོའི་ཉམས་སད་ཐེག་ནས་འཐབ་ཇུས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་འགོ་འཛུགས་ས་གསར་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་བསམ་འདུན་དང་མཐུན་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་དང་ཀྲུང་ཧྥའི་འབྲེལ་བར་མཐོང་ཆེན་པོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཧྥ་རན་སེ་མཉམ་ལས་རོགས་ཟླ་གལ་ཆེན་དང་གྲས་ལ་་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ངོས་ནས་ཀྲུང་ཧྥའི་འབྲེལ་བ་གོང་འཕེལ་ལ་ལྟ་སྟངས་འཛིན་གྱི་ཡོད། ཧྥ་རན་སེ་ཕྱོགས་དང་མཛའ་མཐུན་གྱི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བསམ་ཤེས་དང་ལྟ་རྟོག་ཏན་ཏིག་བྱེད་པ། གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་མཐུན་སྦྱོར་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་རྩ་འགྱུར་ལ་མུ་མཐུད་སྐུལ་མ་གཏོང་བ། གནམ་གཤིས་འགྱུར་ལྡོག་གི་《ཕ་རི་སིའི་གྲོས་མཐུན་》ཚུད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྒྲོམ་གཞིའི་ནང་དུ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་མཉམ་དུ་ལེགས་སྐྱེས་འབུལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན།
         མ་ཁེ་རུན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཧྥ་རན་སེའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥ་ཀྲུང་རྒྱལ་ཁབ་གཉིས་སྲོལ་རྒྱུན་གྱི་མཛའ་གྲོགས་ཡིན་ཞིང་། མིག་སྔར་ཁྱབ་ཁོངས་ཁག་གི་མཉམ་ལས་ཡག་པོ་ཡོད། ངས་ཧྥ་ཀྲུང་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཧྥ་རན་སེ་སྲིད་གཞུང་གསར་པས་སླད་ཕྱིན་མུ་མཐུད་ཀྲུང་གོར་འཛིན་པའི་དགེ་མཚན་ལྡན་ལ་མཛའ་མཐུན་གྱི་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན། བཟོ་ལས་སོགས་ཀྱི་ཁྱབ་ཁོངས་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པའི་སྒྲོམ་གཞིའི་ནང་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་གནམ་གཤིས་འགྱུར་ལྡོག་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཉམ་ལས་སོགས་རྒྱལ་སྤྱིའི་ལས་དོན་གལ་ཆེན་ལ་ཁ་གཏད་གཅོག་པའི་ཐད་མུ་མཐུད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་ཡིན།
         ཞི་ཅིན་ཕིང་དང་མ་ཁེ་རུན་རྣམ་གཉིས་ཀྱིས་འབྲེལ་བ་རྒྱུན་འཁྱོངས་དང་སྔ་ཙམ་མཇལ་འཕྲད་གནང་ནས་ཀྲུང་ཧྥའི་འབྲེལ་བའི་འཕེལ་རྒྱས་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་དུས་ཐོག་ཏུ་དགོངས་འཆར་བརྗེ་རེས་གནང་རྒྱུའི་མོས་མཐུན་ཡང་གནང་བ་རེད།