མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཞིང་། ཁོང་གིས་ཝུན་ཙའེ་དབྱིན་ཧན་གོའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧན་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་དང་ས་ཁུལ་འདི་གའི་གནད་ཆེའི་རྒྱལ་ཁབ་ཡིན། ཕྱི་འབྲེལ་བཙུགས་ཚུན་ལོ་ངོ་25རིང་ཀྲུང་ཧན་གྱི་འབྲེལ་བ་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས་གཅེས་འཛིན་བྱེད་འོས་པ་ཞིག་རེད། ཕྱོགས་གཉིས་པོས་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོ་ངེས་ནས་ཕྱོགས་གཉིས་པོའི་དོ་ཁུར་བྱ་ཡུལ་གལ་ཆེན་དང་ལུགས་མཐུན་ཁེ་ཕན་ལ་ཕན་ཚུན་བརྩི་འཇོག་དང་མཐུན་འགྲིག་ཡོང་ཐབས་བྱས་ཏེ་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་དགོས། ཧན་གོ་སྲིད་གཞུང་གསར་པས་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་བྱ་ཡུལ་གལ་ཆེན་ལ་མཐོང་ཆེན་བྱས་ཏེ་བྱ་སྤྱོད་ངོ་མར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་ཧན་འབྲེལ་བ་དེ་བས་ལེགས་པའི་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་ང་ཚོ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམས་ཡོད་ལ། ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལའང་ཕན་པ་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆས་དབེན་པའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། སྐད་ཆ་ཤོད་རེས་ལ་བརྟེན་ནས་གནད་དོན་གྲོས་མོལ་དང་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་ཀྱི་ཡོད། དེ་ནི་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་སྤྱི་ཡོངས་དང་འཚམ་པ་ཞིག་རེད། ང་ཚོས་ཧན་གོ་ཕྱོགས་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཕྱེད་གླིང་དང་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་གོང་འཕེལ་ཆེད་མུ་མཐུད་འབད་བརྩོན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཝུན་ཙའེ་དབྱིན་གྱིས་ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གནང་བའི་གདེང་འཇོག་ལ་ཡིད་མཐུན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་འདྲ་བར་ཧན་གོ་ཕྱོགས་ཀྱིས་ཀྱང་ཧན་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་བ་བྱེད་འདོད་པ་མ་ཟད། དངོས་སྒྲུབ་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཡང་སྐུལ་འདེད་གཏོང་འདོད་ཡོད། ངས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བསམ་ཤེས་གང་ལེགས་ཐུབ་ཀྱི་འདུག་ལ་ཧན་གོའི་སྲིད་གཞུང་གསར་པས་ཀྱང་དེའི་ཐད་ཀྲུང་གོ་ཕྱོགས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ཐག་གཅོད་བྱ་ཐབས་འོས་ཤིང་འཚམ་པ་ཞིག་ཧུར་ཐག་འཚོལ་བཞིན་ཡོད། ཧན་གོ་ཕྱོགས་ཀྱིས་སླར་ཡང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་དྲུག་གི་གྲོས་མོལ་སོགས་སྔ་ཙམ་བྱས་ཏེ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆས་དབེན་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བསྔགས་བརྗོད་ཆེན་པོ་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་ཀྲུང་གོ་དང་ཧན་གོ་ཚུད་པའི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
           རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འབྲེལ་བ་རྒྱུན་འཁྱོངས་གནང་རྒྱུར་མོས་མཐུན་གནང་བ་མ་ཟད། སྔ་ཙམ་མཇལ་འཕྲད་ཡོང་བའི་རེ་སྒུག་ཀྱང་གནང་བ་རེད།
         ཞལ་པར་ནང་ཞི་ཅིན་ཕིང་གིས་ཉེ་ཆར་ཧྲན་ཏུང་ཝུའེ་ཧའེ་འགྲིམ་འགྲུལ་ལས་འཛོལ་ནང་རྐྱེན་ལམ་དུ་སོང་བའི་ཀྲུང་གོ་དང་ཧན་གོའི་བྱིས་པ་10ལྷག་ཙམ་ལ་མྱ་ངན་ཞུ་ལུགས་མཚོན་པར་གནང་བ་མ་ཟད། ཝུན་ཙའེ་དབྱིན་ལ་རྐྱེན་ལམ་དུ་སོང་བའི་ཧན་གོའི་བྱིས་པའི་ཁྱིམ་བདག་ལ་འཚམས་འདྲི་བརྒྱུད་བསྒྲགས་གནང་རོགས་ཀྱང་ཞུས་པ་རེད། ཝུན་ཙའེ་དབྱིན་གྱིས་ཞི་ཅིན་ཕིང་གི་འཚམས་འདྲི་དང་ཀྲུང་གོ་སྲིད་གཞུང་གིས་འཕྲལ་མར་བྱ་ཐབས་སྤྱད་དེ་ལས་འཛོལ་དང་རྗེས་འཇུག་ལས་ཀ་ཡག་པོ་བསྒྲུབས་པར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།