མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཙུང་ཐུང་སྨིའར་ཆི་གཡོད་ཡེ་ཧྥུའུ་དང་གླེང་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཙུང་ཐུང་སྨིའར་ཆི་གཡོད་ཡེ་ཧྥུའུ་དང་གླེང་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཙུང་ཐུང་སྨིའར་ཆི་གཡོད་ཡེ་ཧྥུའུ་དང་གླེང་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་བརྒྱུད་པའི་མཛའ་གྲོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུའི་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད།
           ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁེ་སི་ཐན་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་རེད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25ཡི་རིང་ཕྱོགས་གཉིས་པོའི་ཐུན་མོང་འབད་འཐབ་འོག་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟབ་ཏུ་ཕྱིན་ནས་ལྷག་བསམ་ཟོལ་མེད་ངང་ཕན་ཚུན་ཡིད་ཆེས་དང་གཉིས་ཁེ་གཉིས་ཕན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། མིག་སྔར་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འབྲེལ་བ་ཟབ་མོ་ཡོད་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞི་མཉམ་དུ་སྐྲུན་པའི་ནང་མཉམ་ལས་ཧུར་ཐག་བྱས་ནས་མཉམ་ལས་རྣམ་གྲངས་ཆེ་གྲས་རབ་དང་རིམ་པར་ལག་ལེན་བསྟར་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད་ཅེས་གསུངས།
        གླེང་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་ཟ་བྷེ་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》ལ་མཚན་བཀོད་གནང་བ་དང་འབྲེལ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལག་རྩལ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། སྨན་བཅོས། ཞིང་ལས། ཆུ་གློག ཁེ་ལས་འབྲིང་ཆུང་། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར་དང་ས་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།