མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་པཱ་ཆེ་ལེའར་དང་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་སོ་སོ་
དང་གླེང་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་པཱ་ཆེ་ལེའར་དང་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་སོ་སོ་
དང་གླེང་མོལ་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཆི་ལིའི་ཙུང་ཐུང་པཱ་ཆེ་ལེའར་དང་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་སོ་སོ་དང་གླེང་མོལ་གནང་བ་རེད།
          ཞི་ཅིན་ཕིང་གིས་ཆི་ལི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་ཨང་དང་པོ་འཛུགས་མཁན་ཨ་མེ་རི་ཁ་གླིང་ལྷོ་མའི་རྒྱལ་ཁབ་ཅིག་རེད་ལ་ཀྲུང་གོ་དང་རང་མོས་ཉོ་ཚོང་གྲོས་མཐུན་ཡི་གེ་ཨང་དང་པོ་འཇོག་མཁན་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཅིག་ཀྱང་རེད། ཀྲུང་གོ་དང་འབྲེལ་བ་བཙུགས་པ་དང་འཕེལ་རྒྱས་གཏོང་རིང“ཨང་དང་པོ”མང་པོ་ཞིག་བཏོད་ཡོད། མིག་སྔའི་གནས་ཚུལ་འོག་གྲོགས་པོ་བཟང་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན་པའི་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་ཀྲུང་ཆིའི་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བའི་འགོ་ཡག་པོ་ཞིག་འཛུགས་དགོས་ལ་གོམ་པ་བརྟན་པོ་ཞིག་ཀྱང་སྤོ་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་གླེང་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་གཉིས་པོའི་ཐུན་མོང་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ཡོང་བ་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཕྱོགས་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་མཐུན་ཡི་གེ་རིམ་སྤོར་བྱ་རྒྱུ་ནང་དོན་གཙོ་བོར་བཟུང་སྟེ་མཉམ་ལས་བྱེད་སྟངས་སྣ་ཚོགས་གཏོད་དགོས་ཤིང་། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་སྒྲོམ་གཞིའི་ནང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱས་ཏེ་ཕན་ཚུན་མ་འཇོག་བྱ་རྒྱུར་སྐུལ་སྤེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ས་ཁུལ་གྱི་སྦྲེལ་མཐུད་སྤེལ་རེས། ནུས་རྒྱུ་གཙང་མ། ཆ་འཕྲིན་འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
          པཱ་ཆེ་ལེའར་གྱིས་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་རྒྱུ་བྱུང་བ་དང་འབྲེལ་ཀྲུང་གོར་འཚམས་འདྲི་ཡང་བྱ་རྒྱུ་བྱུང་བར་རང་ཉིད་ཧ་ཅང་དགའ་པོ་བྱུང་། ཆི་ཀྲུང་རྒྱལ་ཁབ་གཉིས་དབར་ས་ཐག་རིང་པོ་ཆོད་ཀྱང་ཐུན་མོང་གི་ཁེ་ཕན་ལྡན་ས་མང་པོ་ཡོད་ལ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་ཡང་ཡག་པོ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་གླེང་མོལ་གནང་སྐབས་ཉེ་བའི་ལོ་ཤས་རིང་ཀྲུང་ཐུར་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲུང་ཐུར་རྒྱལ་ཁབ་གཉིས་པོའི་དབར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་གཏོང་བ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བར་འཕེལ་རྒྱས་སྔར་བས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་ཐུར་རྒྱལ་ཁབ་གཉིས་པོས་ཕན་ཚུན་གཉིས་པོའི་དོ་ཁུར་བྱ་ཡུལ་གཙོ་བོར་བརྩི་འཇོག་དང་ལྟ་རྟོག་བྱས་ནས་བདེ་འཇགས་དང་འཇིགས་རྒོལ་ཐད་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས། འདྲ་མཉམ་དང་། གཉིས་ཁེ། གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ“དྲ་ཐོག་དར་གོས་འགྲུལ་ལམ”ཐད་ཀྱི་དཔལ་འབྱོར་མཉམ་ལས་ལ་མུ་མཐུད་སྐུལ་འདེད་དང་། ཕྱོགས་གཉིས་པོའི་སྲིད་ཇུས་སྦྲེལ་མཐུད་དང་། སྒྲིག་བཀོད་མཉམ་སྐྲུན། ཐོན་ལས་མཉམ་ལས་བཅས་ལ་སྐུལ་སྤེལ། རྒྱལ་ཁབ་གཉིས་པོའི་ཚོང་དོན་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་དགོས་ཞེས་གསུངས་པ་རེད།
         ཨེའར་ཏོ་ཨན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གདེང་འཇོག་གནང་བར་རང་ཉིད་ཡིད་མཐུན་ཡོད། ཐུར་ཁེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་དང་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་རྣམ་འགྱུར་བཟང་པོ་འཛིན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཉེར་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།