མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧང་ག་རི་དང་། ཀེ་རི་སེ། ཕ་ཁི་སི་ཐན། མ་ལེ་ཞི་ཡ་བཅས་ཀྱི་ཙུང་ལི་དང་སི་
ཕེན་གྱི་དབུ་བཞུགས་བློན་ཆེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧང་ག་རིའི་ཙུང་ལི་ཨོར་པན་དང་མཇལ་འཛོམས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པའི་ཁྱབ་བསྒྲགས་གནང་བ་རེད།
           ཞི་ཅིན་ཕིང་གིས་ཨོར་པན་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པ་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནང་ཞུགས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧང་ག་རི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་68སོང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དོན་དངོས་མཚོན་ཡོད་པས་ཕྱོགས་གཉིས་པོའི་མཉམ་ལས་ལ་རྒྱ་ཆེའི་བར་སྟོང་བཏོད་ཡོད། ཕྱོགས་གཉིས་པོས་དེ་གོ་སྐབས་སུ་བརྩིས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཧང་ག་རིའི“ཤར་ཕྱོགས་སུ་སྒོ་དབྱེའི”འཐབ་ཇུས་གཉིས་སྦྲེལ་མཐུད་ཟབ་མོ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་མཉམ་ལས་ཀྱི་རྩེ་རིམ་འཆར་འགོད་ལ་ཤུགས་སྣོན་ཡང་རྒྱག་དགོས་ཞེས་གསུངས་པ་རེད།
          ཨོར་པན་གྱིས་ཧང་ག་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཧང་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཧང་ག་རིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་དོན་དུ་དབུལ་སྒྲོལ་འགག་སྒྲོལ་ཐད་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཁྲོམ་རའི་དཔལ་འབྱོར་གྱི་གནས་བབ་ལ་ཐེ་ཚོམ་སྤུ་ཙམ་ཡང་ཟ་མི་དགོས་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
          ཀེ་རི་སེའི་ཙུང་ལི་ཆི་ཕུའུ་ལཱ་སི་དང་མཇལ་འཛོམས་གནང་སྐབས་ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་ཀེ་རི་སེའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་དང་མཉམ་ལས་ལ་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་མངོན་ཡོད། རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་དཔལ་འབྱོར་ཚོང་དོན་མ་འཇོག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཐད་དངོས་སྒྲུབ་མཉམ་ལས་བྱས་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་སྣ་མང་ཕུན་སུམ་ཚོགས་པའི་སྤེལ་རེས་ཀྱང་བྱས་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཀེ་རི་སེ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45འཁོར་བ་དེ་གོ་སྐབས་སུ་བརྩིས་ཏེ་ཀྲུང་གོ་དང་ཀེ་རི་སེའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀེ་རི་སེ་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་སྡེ་ཚན་ཁག་དང་རིམ་པ་ཁག་དབར་སྤེལ་རེས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
          ཆི་ཕུའུ་ལཱ་སིས་ཀེ་རི་སེ་དང་ཀྲུང་གོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པས་དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་དཔལ་འབྱོར་དང་། མ་འཇོག དངུལ་རྩ། ནུས་རྒྱུ། ཞིང་ལས། ལག་རྩལ་གསར་པ་སོགས་ཁྱབ་ཁོངས་མང་པོར་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་འཕེལ་རྒྱས་ཡག་པོ་གཏོང་དགོས། ཀེ་རི་སི་ཕྱོགས“རྒྱུད་གཅིག་ལམ་གཅིག”འཛུགས་པའི་མཉམ་ལས་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།
          ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཕུའུ་དང་མཇལ་འཛོམས་གནང་སྐབས་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་ཨང་དང་པོར་བཞག་ནས་ཕ་ཁི་སི་ཐན་དང་མཉམ་དུ་ཀྲུང་ཕའི་གནམ་གཤིས་ལ་མི་ལྟོས་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་སོགས་རིམ་པ་ཁག་དབར་སྤེལ་རེས་དང་འཚམས་འདྲི་བྱེད་རེས་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཀྭ་ཏར་གྲུ་ཁ་དང་དེ་བཞིན་ཉེ་འཁོར་གྱི་མཉམ་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་བཏང་ནས་བར་ཁྱམས་ལམ་རྒྱུད་ཀྱི་ཐོན་ལས་གླིང་འཛུགས་སྐྲུན་འཆར་འགོད་ལ་ཞིབ་འཇུག་མགྱོགས་པོ་བྱེད་པ་དང་། བར་ཁྱམས་ཀྱི་ཕུགས་རིང་འཆར་འགོད་འཕྲལ་དུ་ལེགས་སྒྲུབ་བྱེད་པ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ། དམངས་འཚོ་སོགས་ཀྱི་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་ལག་བསྟར་ཡག་པོ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཞེ་ལི་ཕུའུ་ཡིས་ཕ་ཁི་སི་ཐན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། ཁ་ཕི་སི་ཐན་གྱི་རྒྱལ་ནང་དུ་ཕ་ཀྲུང་འབྲེལ་བ་ཟབ་ཏུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”འཛུགས་པའི་མཉམ་ལས་ནང་ཞུགས་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཕ་ཁི་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་ཕ་ཀྲུང་དཔལ་འབྱོར་བར་ཁྱམས་ཀྱི་རྣམ་གྲངས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཀྭ་ཏར་གྲུ་ཁའི་རྣམ་གྲངས་སོགས་རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
          མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་མཇལ་འཛོམས་གནང་སྐབས་ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་ནི་མཚོ་ཁ་གཡས་གཡོན་ནས་ཕན་ཚུན་མཐོང་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་ལ། ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བརྩི་འཇོག གཉིས་ཁེ་མཉམ་ལས་བཅས་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཀྱང་ཡིན། དེང་སྐབས་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཇུས་གཞི་འཆར་འགོད་ཡག་པོ་བྱས་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དེ་བས་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ན་ཅི་པུས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པའི་མ་ལེ་ཞི་ཡ་དང་ཀྲུང་གོ་གཉིས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་མ་ཟད། གྲོགས་པོ་བཟང་པོ་དེ་བས་ཀྱང་ཡིན་ཞེས་པར་ང་རྦད་དེ་མོས་མཐུན་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱུང་བར་དངོས་གནས་དགའ་པོ་བྱེད་ཀྱི་ཡོད། མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བ་དེ་བས་ཆུ་ཚད་མཐོ་བ་དང་། དེ་བས་གཏིང་ཟབ་པ། དེ་བས་གཞི་ཁྱོན་ཆེ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་མུ་མཐུད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         སི་ཕེན་གྱི་དབུ་བཞུགས་བློན་ཆེན་ལཱ་ཧོ་དབྱི་དང་མཇལ་འཛོམས་གནང་སྐབས་ཞི་ཅིན་ཕིང་གིས་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་དབར་མཛའ་གྲོགས་འབྲེལ་བ་བཙུགས་ནས་ཡུན་རིང་སོང་ཡོད། ལོ་ངོ་400ཙམ་གོང་དུ་ཕྱོགས་གཉིས་ཀྱིས་མཚོ་ཐོག་དར་གོས་ལམ་བུ་བརྒྱུད་ཀྲུང་གོ་དང་། ཡོ་རོབ། ལ་ཏིང་མེ་གླིང་བཅས་དབར་ཚོང་དོན་གྱི་འབྲེལ་བ་ཟབ་མོ་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་སི་ཕེན་གྱིས་དངོས་སྒྲུབ་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཛའ་གྲོགས་ཀྱི་མཉམ་ལས་ཐད་རྒྱ་ཆེ་བའི་མདུན་ལམ་བཟང་པོ་ལྡན་ཡོད། ང་ཚོས་སི་ཕེན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་གི་སྤེལ་རེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་བྱེད་རྒྱ་ཆེ་རུ་བཏང་སྟེ་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་གལ་ཆེ་ལ་དོ་ཁུར་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་ཚེ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་འདོད་ཡོད་པ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་གྲོས་མོལ་མཉམ་ལས་ཀྱང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ལཱ་ཧོ་དབྱིས་སི་ཕེན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་ཚུལ་མངོན་ཡོད། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་སྤེལ་རེས་ཟབ་མོ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སི་ཕེན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཚད་མཐོའི་གདེང་འཇོག་བྱས་ཡོད་ལ། དེས་ལམ་རྒྱུད་ས་ཁོངས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།